རང་བཞིན་གཅིག་ཏུ་མ་ངེས་པས་གང་ལྟར་བཏགས་པ་དེ་ལྟར་སྣང་བར་གདམས་པ།།ཡང་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བླ་མ་རིན་པོ་ཆེའི་ཞལ་ནས་ཁམས་ཀྱི་ལྷ་ཁང་ཞིག་ན། སྐ་བ་དཔལ་བརྩེགས་དང་ལྕོག་རོ་ཀླུའི་རྒྱལ་མཚན་གཉིས་ཀྱིས་བགྲོ་གླེང་བྱས་ནས་འདུག་པའི་དོན་སྐ་བའི་རང་བཞིན་གཅིག་ཏུ་མ་ངེས་པ། གང་ལྟར་བཏགས་པ་དེ་ལྟར་སྣང་བ་ཡིན་ཟེར། ལྕོག་རོ་ན་རེ་དེ་ལྟར་མིན། ལས་དཀར་བ་དཀར་སར་བདེན། ནག་པ་ནག་སར་བདེན། ཆུ་སྲིན་གྱི་རྒྱབ་འདྲ་བ་ཡིན་ཟེར་བར་འདུག་པས། འདི་ལ་ཕལ་པོ་ཆེ་ནས་ཁམས་གསུམ་པོ་འདི་དག་སེམས་ཙམ་མོ་ཡང༌། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཀྱང་གསུངས། བླ་མ་རིན་པོ་ཆེའི་ཞལ་ནས། ཡེ་ཤེས་རང་སྣང་གནོད་སྦྱིན་རི་མོ་འདྲ། །གཅིག་ལ་མཁས་ན་ཀུན་ལ་ཆགས་ཐོགས་མེད། །གསུངས་པ་ལ། འདི་ལ་འཁྲུལ་གཞི་ཞིག་བྱུང་གིས་དོགས་དགོས། སྐ་བའི་དགོངས་པ་ཇི་ལྟར་ཡིན་ཡང་ཆ་མེད་སྔར་གྱི་ཉེས་པ་ཡང་བཤགས་སོ། །རིགས་གསུམ་མགོན་པོ་ཡང་བླ་མ་ཡིན་གསུངས། རང་རེ་ཁམས་པ་ཀུན་ནང་མི་རྫུ་ཟེར་བ་དང་འདྲ་སྟེ། སྒོམ་ཆེན་པ་ཀུན་ནང་མི་རྫུ་སྟེ་རང་རེ་དབུས་གཙང་ཁམས་གསུམ་ན། སྒོམ་ཆེན་པ་མང་པོ་ཡོད་པས་གྲུབ་མཐའ་འདི་འདྲའི་རིགས་པ་ཡང་མང་ཉེན་ཡོད་པས། བླ་མ་རིན་པོ་ཆེའི་ཞལ་ནས་ཀྱང་མུ་སྟེགས་རྒྱང་འཕེན་ལ་སོགས་ཀྱི་ལྟ་བ་བོད་ན་མང་པོ་ཡོད་པ་ཡིན་པས། གང་ལྟར་བཏགས་པ་དེ་ལྟར་སྣང་ན་རྒྱང་འཕེན་པ་དེ་ཚེ་སྔ་ཕྱི་མི་འདོད་པར་དེ་ལྟར་མཐོང་བར་ཐལ་ལ། ལོག་པར་ལྟ་བའི་ས་མནར་མེད་ལ་སོགས་སུ་འགྲོ་བར་འདུག་སྟེ། ལྷས་བྱིན་གྱིས་མཚམས་མེད་པ་ལྔ་ཀར་བྱས་པའི་མཐར། སྟོབས་ཆེ་བས་དགེ་སློང་མ་ཨུཏྤ་ལའི་མདོག་གི་མགོ་ཁུ་ཚུར་གྱིས་བཅོམ་ནས་བསད་པ་ལ་བདག་གི་དགེ་སློང་མ་ཡིན་ལ་དགྲ་བཅོམ་པ་འདི་ལྟ་བུ་བསད་མཚམས་མེད་པ་བྱས་ཏེ་ཤིན་ཏུ་མ་ལེགས། མནར་མེད་པར་འགྲོ་སྙམ་ནས་འགྱོད་པ་སྐྱེས་པ་ལ། མུ་སྟེགས་ཀྱི་སྟོན་པ་དྲུག་གི་ཡ་གཅིག་ཡང་དག་རྒྱལ་བ་ཅན་བྱ་བ་ན་རེ། ལྷས་བྱིན་ཤཱཀྱ་རྣམས་ལས་ཁྱོད་དྲག་སྙམ་པ་ལ་ཚུལ་ངན། དེ་ལ་སྡིག་པ་ཅི་ཡོད། རིལ་བ་བིང་ཀར་ཁྱེར་ལ་ཤོག་ཅེས་བཅག་ནས་འདི་དང་འདྲ་མོད། འདི་བུམ་པར་གར་འོང་ཕྱི་ནང་གི་ནམ་མཁའ་འདྲེས་པ་ཡིན་ཞེས། སྔ་མ་ཡང་མེད་ཕྱི་མ་ཡང་མེད་འདི་རང་བྱུང་བ་ཡིན་ཏེ་བྱེད་མཁན་མེད། ཚེར་མ་རྣོ་བ་སུས་བཞོགས། སྲན་མ་ཟླུམ་པ། རྡོ་ཕ་ཝང་ལོང་བུ་གྲུ་བཞི་སུས་བྱས་ཏེ། བྱེད་མཁན་མེད་དེ་འདི་རང་ཡིན། མཛེས་མ་ལེགས་པར་གཡོས་ལ་ཞིམ་པོར་ཟོ། །མ་ཤི་བར་དུ་ཅི་དགར་སྤྱོད། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན། །མི་ཤི་ཐལ་བ་རླུང་ཁྱེར་འདྲ། །སླར་འཚོ་བ་དག་ག་ལ་སྲིད། །ཅེས་ཁོང་རང་གི་རིག་བྱེད་ལས། །དེར་ལྷས་བྱིན་ངེས་ཤེས་ཐོབ་སྟེ་འགྱོད་པ་མེད་པ་ལ། དགའ་བོས་སངས་རྒྱས་ལ་ཞུས་པས་འདི་ལ་དཔེར་ན་མི་འདམ་དུ་སོང་བ་ལ་རྐང་པའམ། ལག་པ་སྐྲ་སྤུ་གང་ཙམ་འདམ་དུ་མ་སོང་ན། དེ་ནས་བཟུང་སྟེ་བྱུང་ནས་བཀྲུས་པས་ཆོག་པ་ལ། མ་ལུས་པར་བྱིང་བ་ལ་བཟུང་ས་མེད་པ་དང་འདྲ་སྟེ། མནར་མེད་པའི་སེམས་ཅན་དམྱལ་བར་བསྐལ་པ་ཆེན་པོ་གཅིག་ཏུ་འཚོད་ཞེས་པ་དང༌། དགའ་བོ་ཤཱཀྱ་རྣམས་ལ་བརྩེ་བས་ལྷས་བྱིན་ལ་བསྙད་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བྱེད་པ་དང་སོང་བས། དེས་མཚམས་སྦྱར་ནས་མེའི་སྣང་བ་བྱུང་ནས་འཚེད་པ་ལ། སངས་རྒྱས་ཀྱི་ཞལ་ནས་བསྐལ་པ་ཆེན་པོ་ཞིག་ན་ཐོན་པས་རང་སངས་རྒྱས་རུས་པ་ཆེན་པོ་བྱ་བ་བྱོན་ནས། ཁྱིམ་བདག་ཅིག་ལ་བསོད་སྙོམས་བྱེད་པ་ན་ཟན་མདུན་དུ་བཞག་ནས་འདིར་སྐྱེ་བའི་ལས་ཅི་བྱས་སྙམ་ནས་མཉམ་པར་བཞག་པ་ལ། མནར་མེད་ནས་འདིར་སྐྱེས། དེའི་ལས་ཚོ་དྲན་པས་ཟས་ཡིད་དུ་མ་བྱུང་སྟེ། རྫུ་འཕྲུལ་གྱིས་ནམ་མཁའ་རང་ནས་མེ་ཕྱུང་སྟེ་མྱ་ངན་ལས་འདས་ནས། རུས་པ་དང་ཐལ་བ་ས་ལ་ལྷག་པར་གྱུར་ཞེས་པས། འཕགས་པ་ཤཱ་རིའི་བུ་དང་མོའུ་འགལ་བུ་གཉིས་ཀྱིས་དམྱལ་བའི་ཡུལ་རྫུ་འཕྲུལ་གྱིས་ཕྱིན་ནས། ལྷའི་བདུད་རྩིའི་ཆར་གཉའ་ཤིང་གི་རྒྱུན་ཙམ་ཕབ་པས་ཁོའི་མེའི་འོད་ཀྱིས་ཆུ་ཐིགས་ཙམ་ཡང་མ་བྱུང་ནས། ཤཱ་རིའི་བུ་ཤེས་རབ་ཆེ་བས་ཆུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ཁོའི་མེ་རླབས་ཞི་ནས་ལྷས་བྱིན་དགའ་བར་གྱིས་ཤིག ང་ལ་སྐབས་འབྱེད་ན་ཁྱོད་ལ་སངས་རྒྱས་ཀྱིས་ལུང་བསྟན་ཏོ་ཞེས་པ་བདེ་བར་གཤེགས་པ་གསུང་ངམ་གསུངས། འོ་ན་བདག་གཞོག་མ་འདྲེས་པར་ཡང་བསྐལ་པ་གཅིག་ཏུ་ཚུགས་ཀྱི་ཞེས་པ་དང༌། དེ་ནས་དུས་མི་རིང་བ་ན་ཡང་དག་རྒྱལ་བ་ཅན་མནར་མེད་དུ་ལྟུང་བ་ལ་སྡུག་བསྔལ་ཐུན་མོང་མ་ཡིན་པ། ལྕེ་དཔག་ཚད་ལྔ་བརྒྱ་པར་སོང་བ་ལྕགས་ཀྱི་རྨོས་པ་ཅན་གྱིས་ཐོང་གཤོལ་སྟོང་གིས་རྨོ་བ་ལ། འཕགས་པ་གཉིས་ལ་འཕྲིན་བསྐུར་ནས་ཀུན་ཏུ་རྒྱུ་རྣམས་ལ་གྲུབ་མཐའ་ལོག་ནས་འདུག་པས། ཁྱེད་ཀྱིས་ངའི་རུས་པ་ལ་བསྙེན་བཀུར་བྱས་ཚད་ང་ལ་སྡུག་བསྔལ་དུ་འོང་བར་འདུག་པས་མ་བྱེད། སྟོན་པ་སངས་རྒྱས་ལ་སྐྱབས་སུ་སོང་ཞེས་པ་དང༌། ཤཱ་རིའི་བུ་ཤེས་རབ་ཆེ་བས་ལྡབ་ལྡིབ་ཅིག་སྨས་ནས་སོང༌། མོའུ་འགལ་བུས་ཞིབ་པར་བཤད་པས་ཀུན་ཏུ་རྒྱུ་དབྱུག་ཐོགས་ལྔ་བརྒྱས་ལུས་འདམ་བུ་དཀྲུམ་པ་བཞིན་དུ་བརྡུངས་སྐད་ན་མཐོང་ཆོས་བྱ་བ་དེ་ཀུན་ལ་ཟེར་བ་ཡིན། དེ་བཞིན་དུ་སྐྱེ་བ་མི་ལེན་ཏེ་བུམ་པ་ཆག་ནས་ནམ་མཁའ་ཕྱི་ནང་འདྲེས་པ་ལྟར་འདོད་པ་ཡང་ཡོད་དེ་ཆད་པར་ལྟ་བ། རྟག་པར་ལྟ་བ་ནི། འཁོར་བར་འཁྱམས་པ་ཡིན་ཏེ། བདག་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། བདག་གིས་ཉོན་མོངས་པ་སྤངས་ཏེ་སྙིང་པོ་ཡེ་ཤེས་བསྒྲུབ་ཞེས་ང་བདག་ཏུ་འཛིན་པ་ཡིན་ཏེ་རྟག་པར་ལྟ་བའོ། །དེ་བཞིན་དུ་བདག་རྟག་པ་དང་མི་རྟག་པ་དང་སྟོང་པ་དང་མི་སྟོང་བ་དང་ཞི་བ་དང་མ་ཞི་བ་ལ་སོགས་པ་སྤྲོས་པའི་མཐའ་བརྒྱད་དེ། ཁམས་ཀུན་ན་གཤིན་པོ་ཐམས་ཅད་གྲལ་བྱས་ནས་གཤིན་ཆུ་མེར་བ་ལ་རྟས་བསྒྲོལ་བ་དང་ལུག་ལ་འགེལ་བ་ལ་སོགས་པ་ཡིན་ཏེ། རྟག་པར་ལྟ་བ་ནི་དེ་བཞིན་དུ་ཕྱྭའམ་དབང་ཕྱུག་གམ་ཚངས་པས་བྱས་པ་ཡིན་ཞེས་སྤྱོད་པ་པོར་རྒྱུར་སྨྲ་བ་ཡིན་ནོ། །འོ་ན་སངས་རྒྱས་ཀྱི་ཆོས་རང་གང་ཡིན་སྙམ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། ལུགས་ལས་འབྱུང་བ་དང་ལུགས་ལས་ལྡོག་པ། འཁོར་འདས་ཀྱི་བབས་སམ་གཤིས་ཕྱིན་ཅི་མ་ལོག་པ་དེ་ཡིན་ཏེ། འཁོར་བར་འཁྱམས་པའི་རྩ་བ་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཡིན་ཏེ། ངོ་སྤྲོད་ན་རྣམ་པར་རྟོག་པ་གང་ཡང་རུང་བ་ཞིག་ཐོལ་གྱིས་བྱུང་བ་དེ་ཡིན། དེ་གསུམ་རྟོག་པ་གཉིས་པས་བཟང་ངན་སོགས་སུ་འདུ་བྱེད་དེ། མིག་དང་གཟུགས་ལ་བརྟེན་ནས་རྣམ་པར་ཤེས་པས་ལས་ཏེ་གསུམ་གསུམ་འདུས་པའོ། །དེས་མིང་དང་གཟུགས་དང་རྒ་ཤིའི་བར་དུ་འཁོར། དེ་ལས་ལས་དང་ཉོན་མོངས་པ་བསྐྱེད་དོ། །དེ་ཡང་ངོ་སྤྲོད་ན་ཡར་ལུང་སྒོམ་པས་སྔོན་ཡར་ལུང་རྒྱུས་ཡོད་པ་ལ་རྣ་བའི་དབང་པོ་ཡར་ལུང་ཐོས་པ་དང༌། ཤེས་རབ་ཡར་ལུང་ཉམས་སུ་མྱོང་བ། འོ་ན་མ་རིག་པ་དེའི་རྩ་བ་རང་གང་ཡིན་ན་ཚུལ་བཞིན་མ་ཡིན་པ་སྟེ་རྟོག་ཅིང་སྤྲོས་པའི་མཐའ་བརྒྱད་དེ། དེ་འདུལ་བ་ལས་བུད་མེད་སྐྱེས་པ་ལ་ཆགས་པས་བུ་མོ་ཁྲོན་པར་བཏང་བའི་རོ་ལ་བལྟས་པས། འདོད་པ་ཁྱོད་ནི་ངོ་ཤེས་ཏེ། །རྟོག་པ་ལས་ནི་འདོད་པ་བྱུང༌། །རྟོག་པ་ཉིད་དུ་མ་བྱས་ན། །དེ་ནས་འདོད་པ་མི་འབྱུང་ངོ༌། །ཞེས་པའམ། དེ་ལྟར་རྟོག་པ་གཉིས་པ་འདུ་བྱེད་ཀྱི་ལས་གསོག་པའམ། འཁོར་བའི་རྩ་བ་འདུ་བྱེད་དེ། །དེའི་ཕྱིར་མཁས་པས་འདུ་མི་བྱེད། །ཞེས་སློབ་དཔོན་འཕགས་པས་གསུངས་པས་མཐའ་བརྒྱད་དོ། །རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན།། མཁའ་བཞིན་བྱེད་པ་མེད་པར་མངོན། །ཞེས་པས་རྟེན་འབྲེལ་ལུགས་ལྡོག་ཀྱང་མ་རིག་པ་ཉིད་རིག་པ་ཡེ་ཤེས་སུ་ཤར་བས། ཚུལ་བཞིན་ནི་མཐའ་བརྒྱད་དང་བྲལ་བ་སྟེ་མི་རྟོག་ཅིང་རྣམ་པར་མི་རྟོག་པ་ཡིན་ཏེ། མ་རིག་པ་འགགས་པས་འདུ་བྱེད་ནས་རྒ་ཤིའི་ བར་དུ་འགག་སྟེ། གང་གི་རྟེན་ཅིང་འབྲེལ་བ་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པའམ། མ་རིག་པ་ཉིད་རིག་པ་ཡེ་ཤེས་སུ་འཆར་བ་ཡིན་ཏེ། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ།། ཞེས་པའམ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་པའམ། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་པའམ། སྒོམ་པ་པོ་མེད་སྒོམ་པ་མེད། །ཅེས་པའམ། བླ་མ་རིན་པོ་ཆེའི་ཞལ་ནས། ཐད་ཀའི་ཆོས་ཉིད་གོ་ལགས་ན། །འདས་མ་འོངས་པར་ང་རང་བཞེད། །ཅེས་པའམ། དེ་ལྟ་བུ་དེ་སངས་རྒྱས་ཀྱི་ཆོས་ཡིན་པས་རང་དེ་བསྒོམ་གསུངས།། |