གཡུ་ལྗོངས་དཔལ་རིའི་གནས་ཡིག་ཉུང་བསྡུས་པདྨའི་བཀའ་རྟགས་ཕྱག་རྒྱའི་རི་མོ།

༄༅། གཡུ་ལྗོངས་དཔལ་རིའི་གནས་ཡིག་ཉུང་བསྡུས་པདྨའི་བཀའ་རྟགས་ཕྱག་རྒྱའི་རི་མོ་ཞེས་བྱ་བ།

ཨོ་རྒྱན་མཚོ་གླིང་འདབ་སྟོང་ཁང་བཟང་དུ། །

སྣང་མཐའི་ཐུགས་སྲོག་མྱུ་གུར་སྨིན་པ་ལས། །

འཕྲིན་ལས་ལྷུན་གྲུབ་རྡོ་རྗེའི་སྐུ་བརྙེས་པའི། །

སློབ་དཔོན་ཆེན་པོསཤིས་པའི་མེ་ཏོག་སྩོལ། །

མཐའ་བརྒྱད་སྤྲོས་བྲལ་ལྟ་བའི་ཀློང་ཆེན་པོར། །

སྒོམ་པའི་རྩལ་རྫོགས་གང་ཤར་ཆགས་མེད་སྤྱོད། །

སྣང་སེམས་དབང་ཐོབ་འབྲས་བུ་ཆིག་ཆོད་སྨིན། །

པད༵་མ་༵དངོས་༵གྲུབ་༵རོལ་༵བའི་༵རྡོ་༵རྗེ༵ར་བསྔགས། །

འདི་ན་གང་གི་སྐུ་གསུང་ཐུགས་གསུམ་གྱིས། །

བཀའ་རྟགས་ཕྱག་རྒྱས་བཏབ་པ་དྲན་བྱེད་དུ། །

དཔལ་གྱི་རི་བོའི་གནས་ཡིག་ངོ་མཚར་གཏམ། །

སྐལ་བཟང་དམ་པས་སྐུལ་ངོར་ཅུང་ཟད་འབྲི། །

དཔལ་ལྡན་སངས་རྒྱས་པདྨ་འབྱུང་གནས་ཀྱིས། །

བོད་ཀྱི་མཐའ་དབུས་མ་ལུས་བྱིན་གྱིས་བརླབས། །

རི་བྲག་མཚོ་ཆེན་ཕལ་ཆེར་གཏེར་གྱིས་གཏམས། །

ལྷ་སྲིན་དྲེགས་ཚོགས་གནས་ཀྱི་སྲུང་མར་བསྐོས། །

སྐུ་ཚབ་ཡང་སྤྲུལ་གསུང་ཚབ་ཟབ་གཏེེར་དང་། །

ཐུགས་ཀྱི་དགོངས་པ་སྐལ་ལྡན་སློབ་མར་གཏད། །

སྒྲུབ་པའི་གནས་སུ་ཕྱག་མཆོད་འབྲེལ་ཚད་ཀུན། །

ཚོགས་རྫོགས་སྒྲིབ་པ་དག་པའི་སྨོན་ལམ་མཛད། །

གུ་རུ་བྱོན་པའི་ལུང་ལྔ་ལྗོངས་གསུམ་དང་། །

རྫོང་ཆེན་བཅོ་བརྒྱད་རི་བཞི་མཚོ་ཆེན་བཞི། །

གནས་ཆེན་གནས་ཕྲན་བརྒྱ་སྟོང་དུ་མ་ལས། །

འདིར་ནི་གཡུ་ལུང་གནས་ཀྱི་ཆེ་བ་བསྔགས། །

ཤར་ཕྱོགས་རྒྱལ་མོ་རྨུ་རྡོ་ཞེས་གྲགས་པའི། །

གནས་ཀྱི་གོང་བ་གཡུ་ལོ་བཀོད་པའི་ལྗོངས། །

འབུམ་ཕྲག་དཔའ་བོ་མཁའ་འགྲོ་འདུ་བ་ཡི། །

ས་སྤྱོད་ཞིང་ཁམས་ལྷ་མིའི་དགའ་ཚལ་ཡིན། །

སྟོད་ཀྱི་ཙཱ་འདྲ་ཆོས་སྐུ་ཕག་མོའི་གནས། །

བར་གྱི་ཏཱ་རེ་ལོངས་སྐུ་སྒྲོལ་མའི་གནས། །

སྨད་ཀྱི་དཔལ་རི་ཨོ་རྒྱན་སྤྲུལ་སྐུའི་གནས། །

སྐུ་གསུམ་གནས་སུ་ཐོན་པ་སྐལ་ལྡན་ཡིན། །

དེ་ཡང་དཔལ་རིའི་གནས་འདི་ཙིཏྟའི་གཟུགས། །

ཕྱོགས་མཚམས་དཔའ་བོ་དྲག་པོའི་ཕྱག་ཆ་དང་། །

མ་མོ་མཁའ་འགྲོ་དགྱེས་པའི་རྫས་ཀྱིས་གཏམས། །

རྩ་གསུམ་སྲུང་མའི་དཀྱིལ་འཁོར་དངོས་སུ་ཡོད། །

སྔགས་བདག་དྲེགས་པའི་སྡེ་དཔུང་ཕོ་ཉ་དང་། །

ཤ་ཟ་སྲིན་པོའི་དམག་ཚོགས་མཐའ་ཡས་པས། །

མ་ངེས་ཆོ་འཕྲུལ་རྟགས་མཚན་སྣ་ཚོགས་སྟོན། །

དཔལ་གྱི་རི་བོའི་ཁོར་ཡུག་མཚོན་ཞེས་གྲགས། །

དབང་དྲག་པ༵དྨ༵འི་དངོས༵་གྲུབ༵་རྒྱ་མཚོའི་དཔལ། །

རོལ༵་བ༵འི་འཇིགས་མེད་སྦྱོར་སྒྲོལ་ཐབས་ཀྱི་ལམ། །

བཀའ་རྟགས་ཕྱག་རྒྱ་རྡོ༵་རྗེ༵འི་བརྟུལ་ཞུགས་ཀྱིས། །

བདུད་རིགས་རཱུ་ཏྲ་དམ་ལ་བཏགས་པར་མཛད། །

གཡས་ཀྱི་དྭངས་བསིལ་སྨན་ཆབ་བདུད་རྩི་ཡིས། །

གཉན་རིམས་གདོན་ནད་མཐའ་དག་ཞི་བར་བྱེད། །

གཡོན་པའི་བྱང་ཕྱོགས་རྣམ་སྲས་ཀླུ་མཛོད་ཀྱིས། །

ཀུན་འབྱུང་ནོར་བུའི་ལོངས་སྤྱོད་སྟེར་ཞེས་ཐོས། །

དུང་དང་གསེར་ཉ་པདྨ་གདུགས་ལ་སོགས། །

བཀྲ་ཤིས་རྟགས་ཀྱི་རི་མོ་མཐའ་ཀླས་དང་། །

སྨན་གཏོར་རཀྟ་དབང་ལྔ་རྡོར་དྲིལ་བཅས། །

ཕྱི་ནང་གསང་བའི་རང་བྱུང་མཆོད་པ་ཡོད། །

གཞལ་མེད་ཁང་བཟང་ཆོས་འབྱུང་སྣོལ་མ་དང་། །

མ་དང་མཁའ་འགྲོའི་ཚོགས་གཞོང་རིན་ཆེན་སྣོད། །

ཚོགས་རྫས་མི་ཟད་རྒྱ་མཚོའི་བཅུད་ཀྱིས་བརྒྱན། །

བྱ་བྲལ་རྣལ་འབྱོར་དགྱེས་པའི་དགའ་སྟོན་ཡོད། །

ཁྱད་པར་སྣང་སྲིད་ཟིལ་གྱིས་གནོན་པ་ཡི། །

མཐོང་གྲོལ་པདྨའི་དབུ་ཞྭ་བཀའ་རྟགས་རྒྱ། །

ཁ་ཊཾ་ཡི་གེ་ཐབས་ཤེས་མཚོན་རྫས་སོགས། །

ངོ་མཚར་མཛད་པའི་རི་མོ་གྲངས་མེད་ཡོད། །

དེ་ལྟར་དཔལ་གྱི་རི་བོའི་གནས་འདི་རུ། །

གུ་རུ་པདྨ་བཞུགས་པར་ཡིད་ཆེས་ཀྱིས། །

སིདྡྷི་བཟླས་ཏེ་ཕྱག་སྐོར་མཆོད་བྱས་ན། །

བར་ཆད་རྐྱེན་སེལ་དོན་ཀུན་འགྲུབ་པའོ། །

ཞེས་དཔལ་རིའི་གནས་ཡིག་ཚིགས་སུ་བཅད་པ་བདེ་སྟོང་ཡེ་ཤེས་བཅུ་དྲུག་གི་གྲངས་ལྡན་འདི་ནི། གཡུ་ཁོག་ཀོང་སྤྲུལ་པདྨ་དགྱེས་པའི་གདུང་སྲས་དམ་པ། བླ་མ་དགྱེས་པ་རྡོ་རྗེའི་ཐུགས་བསྐྱེད་དགོངས་བཞེད་ལྟར། གནས་འདིའི་སྐོར་ཚད་བརྒྱ་དང་བཅུ་ཐམ་པ་ཡིན་པར་གཏན་ཁེལ་མཛད་དེ་གནས་ཡིག་ཅིག་གསར་རྩོམ་དགོས་པའི་བཀའ་སྐུལ་མི་ལྡོག་ཙམ་དུ། གཟན་དཀར་སྐུ་རབས་སྔ་ཕྱི་གཉིས་ཆར་གྱིས་ཆོས་འཁོར་བསྐོར་བའི་གནས་མཆོག། གཡུ་ལྗོངས་དཔལ་རིའི་གནས་ཞེས་ཡོངས་སུ་གྲགས་པའི་མདུན་དུ། བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་བྱི་བ་ལོའི་ནག་ཟླའི་ཡར་ཚེས་གཉིས་ཉིན། ཡུལ་སྐོར་ལྡོམ་བུ་པ་བློ་གྲོས་དྲི་མེད་ཀྱིས་བྲིས་པའོ།།