སྐུ་གསུམ་ཞི་ཁྲོའི་དབང་ཆོག་འབྲིང་པོ་རིན་པོ་ཆེའི་འཁོར་ལོ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ སྐུ་གསུམ་ཞི་ཁྲོའི་དབང་ཆོག་འབྲིང་པོ་རིན་པོ་ཆེའི་འཁོར་ལོ་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀ་རཱ་ཡེ༔ བརྡ་ཡིག །སྐུ་གསུང་ཐུགས་ཀྱི་དབང་བྱིན་དང་༔ དངོས་གྲུབ་ཡང་དག་འདོད་པ་ཡིས༔ སྨིན་བྱེད་དབང་ལ་མ་བརྟེན་པར༔ ནམ་ཡང་གྲུབ་པ་མེད་པའི་ཕྱིར༔ འདིར་ནི་དེ་ལ་སྦྱོར་དངོས་རྗེས༔ དང་པོ་བྱ་བ་སྔོན་འགྲོ་ལ༔ ཁྲུས་ཀྱི་བུམ་པ་རྫས་ལྡན་དང་༔ མིག་དར་མེ་ཏོག་ཚོགས་པར་བྱ༔ ས་གཞི་བརྟགས་བསླང་དབང་དུ་བྱ༔ མཎྜལ་གྲུ་བཞི་མདའ་གང་སོགས༔ རང་རང་འབྱོར་བ་དང་བསྟུན་ཏེ༔ ཐིག་དང་ཚོན་དགྱེའི་རིམ་པའང་༔ སྤྱི་ལྟར་རམ་མཐོང་བ་བརྒྱུད་པ་བཞིན༔ ཚོམ་བུ་ལྷ་ཡི་གྲངས་ལྡན་བཀོད༔ གཏོར་མ་བརྗིད་ལྡན་བང་རིམ་ལྔ༔ བ་ཡི་རྣམ་ལྔའི་བྱུག་པའི་སྟེང་༔ བུམ་པ་ལྔའམ་རིགས་བསྡུས་གཅིག༔ ཐུན་མོང་རིགས་ལྔའི་རྟགས་ཀྱི་དབང་༔ ཕྱག་རྒྱ་རྡོ་རྗེ་སྐུ་གཟུགས་བརྙན༔ རབ་འབྱམས་རྡོ་རྗེ་རྒྱལ་པོ་ལ༔ ཐབས་ཤེས་གཉིས་མེད་རང་རྟགས་དང་༔ གསང་བ་བདུད་རྩི་ཚེ་ཡི་རྫས༔ རིག་མ་ལྔའམ་རིགས་བསྡུས་གཅིག༔ མེ་ལོང་ཤེལ་རྡོ་བཙུག་པ་དང་༔ སྒྲོན་མེ་ཐིག་ལེའི་རི་མོ་དང་༔ འཇའ་རིས་ལུ་གུ་རྒྱུད་ཀྱི་མཚོན༔ མཆོད་པའི་བྱེ་བྲག་དག་གིས་བསྐོར༔ དེ་ནི་བྱ་བའི་སྔོན་འགྲོའི༔ གཉིས་པ་ཆོ་གའི་སྔོན་འགྲོ་ནི༔ གྲངས་དུས་རྟགས་ཀྱི་བསྙེན་པ་ལ༔ ལས་ལ་བསྐུལ་ཕྱིར་ཁ་གསོས་བྱེད༔ ཚོགས་ཀྱི་ལྷག་མ་ཡན་བཏང་ནས༔ དེ་ནས་དབང་ལ་འཇུག་པ་ལ༔ ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ༔ མིག་དར་བཅིང་ཞིང་མེ་ཏོག་གཏད༔ གསོལ་གདབས་ཆུ་ནན་དམ་ཚིག་བསྒྲགས༔ སྡོམ་བཟུང་ཡེ་ཤེས་བྱིན་དབབས་དང་༔ མིག་རས་བསལ་ཞིང་མེ་ཏོག་དོར༔ སྒོ་དབྱེ་ལྷ་ལ་ཕྱག་འཚལ་དང་༔ དཀྱིལ་འཁོར་མཐོང་བ་བསྟན་པ་སྟེ༔ རྣམ་པ་བཅུ་བཞིའི་སྔོན་དུ་འགྲོ༔ དང་པོ་ཁྲུས་ཀྱི་ཆོ་ག་ནི༔ ཧཱུྃ༔ རྣམ་དག་དྲི་མེད་ཡེ་ཤེས་ཆུས༔ བཀྲུས་པས་རྣམ་རྟོག་སྡུག་བསྔལ་བྲལ༔ རྣམ་རྟོག་དྲི་མ་ལས་སྦྱངས་ཤིང་༔ སངས་རྒྱས་ཞིང་ཁམས་རབ་འབྱམས་ཀྱི༔ ཡེ་ཤེས་ཆུ་རྒྱུན་བབས་ནས་ནི༔ ཁྱོད་ཀྱི་རྣམ་རྟོག་བྱང་གྱུར་ནས༔ ཕྱི་དང་ནང་གི་སྡུག་བསྔལ་རྣམས༔ ཐམས་ཅད་ཞི་བར་གྱུར་ནས་སུ༔ ཡེ་ཤེས་སྣང་བ་གསལ་བར་སྟོན༔ དག་པ་ཡེ་ཤེས་བདུད་རྩི་འདིའི༔ དྲི་མའི་སྐྱོན་རྣམས་བྱང་བ་དང་༔ མི་གཙང་ལ་སོགས་དྲི་མ་ཀུན༔ ཤེལ་སྒོང་བཞིན་དུ་དག་གྱུར་ཅིག༔ གཉིས་པ་གནོད་བྱེད་བསྐྲད་པ་ནི་ཁྲུས་ཆོག་ལྟར་ལ༔ དེ་ནས་བསྲུང་བའི་འཁོར་ལོ་བསྒོམ༔ དེ་ནས་མིག་དར་བཅིང་བ་ནི༔ ཧཱུྃ༔ མ་རིག་ལིང་ཐོག་མཚོན་པའི་ཕྱིར༔ མི་དར་དམར་པོ་བཅིང་བར་གྱིས༔ དེ་ནས་མེ་ཏོག་སྦྱིན་པ་ནི༔ དཀྱིལ་འཁོར་ལྷ་ལ་ཕྱག་རྟེན་དུ༔ རིན་ཆེན་མེ་ཏོག་འདི་ཟུང་ཤིག༔ ཅེས་བརྗོད་བཀྱི་འདུན་གྲབ་པ་དང་༔ དེ་ནས་གསོལ་བ་གདབས་པ་ནི༔ དོན་དམ་སློབ་མ་སྐལ་ལྡན་གྱིས༔ པུས་བཙུག་ཐལ་སྦྱར་འདི་སྐད་བརྗོད༔ ཨེ་མ་ཧོ༔ཡེ་ནས་བདེ་གཤེགས་སྙིང་པོ་ལ༔ གློ་བུར་མ་རིག་དབང་གིས་ནི༔ རང་གི་དེ་ཉིད་ངོ་མ་ཤེས༔ བསྐལ་བར་འགྲོགས་ཀྱང་དོན་མ་རྟོགས༔ ལྷན་ཅིག་གནས་པ་ཞལ་མ་འཚོ༔ ཉོན་མོངས་དུག་ལྔའི་བདག་ཉིད་ཀྱིས༔ ཁམས་གསུམ་འཁོར་བའི་གནས་སུ་འཁྱམས༔ ཐོག་མའི་སངས་རྒྱས་མ་དང་སྤྲོད༔ ཆོས་ཉིད་མ་བུ་ངོ་སྤྲོད་ཕྱིར༔ གཞི་ལམ་འབྲས་བུའི་དཀྱིལ་འཁོར་སྟོན༔ འཁོར་བའི་ནང་ནས་འདོན་དུ་གསོལ༔ སློབ་དཔོན་ཁྱོད་ཀྱིས་བྱིན་གྱི་རློབས༔ ཐར་བ་ཆེན་པོའི་གྲོང་མཆོག་ཏུ༔ སྐྱབས་མེད་བདག་ནི་འཇུག་ཏུ་གསོལ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ མི་འགྱུར་དཀྱིལ་འཁོར་འཇུག་འདོད་ན༔ གཟུང་འཛིན་གཉིས་ཀྱི་སྒྲོག་ཕྲོལ་ལ༔ སེམས་ཀྱི་དྲི་མ་དག་པར་གྱིས༔ སེམས་ལ་ཞེ་འདོད་མ་བྱེད་པར༔ ཆགས་ཞེན་བྲལ་བར་འཇུག་པར་གྱིས༔ གསོལ་གདབས་ལན་དང་བཅས་པའོ༔ དེ་ནས་ཆུ་ནན་བསྒྲག་པ་ནི༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ གསང་སྔགས་སྤྱོད་པ་དོན་ཆེ་ལ༔ ཆེ་བའི་ངང་ཚུལ་ལྔ་ལྡན་པས༔ ལུས་སྲོག་མི་ཕངས་འབུལ་ནུས་སམ༔ ཕྱི་ནང་གསང་བའི་དམ་ཚིག་རྣམས༔ མི་འདའ་ཡང་དག་བཟུང་ནུས་སམ༔ རྡོ་རྗེའི་དམ་ཆུ་གཏར་བཞག་སྟེ༔ བྲོ་བོར་དམ་བཅའ་བྱེད་ནུས་སམ༔ ཞེས་པའི་ལན་དུ༔ ཀྱེ་ཧོ་བླ་མ་རིན་པོ་ཆེ༔ རྡོ་རྗེའི་སྐལ་བཟང་འདི་ཐོབ་ན༔ ཅི་ལའང་མི་ཆགས་དགའ་བས་འབུལ༔ དམ་ཚིག་རྣམ་དག་བདག་གིས་བླངས༔ བསྐལ་པ་ཞིག་ཀྱང་མི་བཏང་བཟུང་༔ དངོས་གྲུབ་ཆུ་བོའི་བདག་གི་དྲི་མ་འཁྲུད༔ མྱུར་དུ་དམ་ཚིག་ཆུ་བོ་བདག་ལ་སྩོལ༔ རྡོ་རྗེའི་ཆུ་བཟུང་དམ་བཅའ་བརྟན་པོར་བགྱིད༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ ཧཱུྃ༔ རྡོ་རྗེའི་དམ་ཚིག་ཁྲོ་ཆུ་ཁོར་མ་འདི༔ བདག་གི་ཁྱོད་ལ་གཏད་ཀྱི་ཐུབ་པར་མཛོད༔ ཉམས་ན་རྡོ་རྗེ་དམྱལ་བའི་རྒྱུ་ཡིན་ཏེ༔ ཐུབ་ན་སངས་རྒྱས་ཡོན་ཏན་དུས་གཅིག་ཐོབ༔ དེ་ཙམ་དོ་གལ་རྡོ་རྗེའི་མནའ་ཡང་སྐྱོལ༔ བདག་པོའི་བཀའ་སྩལ་བའི༔ དམ་ཚིག་མི་བསྲུང་རེ༔ འདས་ན་དམོད་པའི་མཐུས༔ རུལ་མྱགས་འགས་པར་ཤོག༔ ས་མ་ཡ་ན་ར་ཀན༔ ཞེས་བརྗོད་ཆུ་ནན་དམ་ཚིག་བསྒྲགས༔ དེ་ནས་སྡོམ་བཟུང་ནི༔ ཐུན་མོང་ཁྱད་པར་སྡོམ་པ་འདི༔ ཡོན་ཏན་ཀུན་གྱི་ཞིང་ཡིན་ཕྱིར༔ རྡོ་རྗེ་རྒྱལ་པོའི་བདག་ལ་སྩོལ༔ ཡོན་དུ་ལུས་དང་ལོངས་སྤྱོད་འབུལ༔ ཞེས་བརྗོད་ཕྱི་ནང་གསང་གསུམ་གྱི་མཎྜལ་གང་འཚམ་རིག་པར་འབུལ༔ དེ་ནས་བླ་མས་ཚིག་བསྒྲགས་པ༔ ཁྲུས་ཀྱི་ཆོ་ག་ཅི་བཞིན་བྱ༔ ཡེ་ཤེས་བྱིན་ཆེན་དབབས་པ་ནི༔ སློབ་མའི་མ་དག་རྣམ་པར་སྨིན༔ སྭ་བྷ་ཝ་ཡིས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ ཉི་ཟླ་པདྨ་སུམ་བརྩེགས་སྟེང་༔ སློབ་མ་རྣམ་པར་སྣང་མཛད་ནི༔ མཐིང་གསལ་འཁོར་ལོ་རྡོལ་དྲིལ་བསྣོལ༔ དབྱིངས་ཀྱི་དབང་ཕྱུག་ཡུམ་དང་འཁྲིལ༔ སྤྱི་བོར་ཁྲག་འཐུང་ལྷ་ཚོགས་དང་༔ སྙིང་ཁར་ཞི་བ་བཞི་བཅུ་གཉིས༔ གནས་ལྔར་སྐུ་གསུང་ཐུགས་ཡོན་དང་༔ ཕྲིན་ལས་རིགས་ཀྱི་གདུང་འཛིན་པ༔ འཁོར་ཁྱམས་དཔའ་བོ་མཁའ་འགྲོའི་སྤྲིན༔ འབུམ་ཕྲག་བསམ་མི་ཁྱབ་པར་བསྐྱེད༔ རྡོ་རྗེའི་བླ་མའི་ཐུགས་ཀ་ནས༔ འོད་ཟེར་ཕོ་ཉ་དཔག་མེད་ཀྱིས༔ རང་བཞིན་དབྱིངས་ནས་ཡེ་ཤེས་པ༔ མ་ལུས་ལུས་པ་མེད་པ་ཀུན༔ སྤྱན་དྲངས་གཉིས་སུ་མེད་པར་བསམ༔ དེ་ནས་གཞུང་གི་བྱིན་འབེབས་མཐར༔ ཆུ་ལ་ཆུ་བཞག་ཅི་བཞིན་ཏུ༔ བྱང་ཆུབ་སྙིང་པོ་མཆིས་ཀྱི་བར༔ རབ་ཏུ་བརྟན་པའི་ཤིས་པ་བརྗོད༔ དེ་ནི་དཀྱིལ་འཁོར་སྤྱི་འཇུག་གོ༔ དེ་ནས་ནང་བཞུགས་ཡོན་དུ་ནི༔ མཎྜལ་འབུལ་ཞིང་གསོལ་འདེབས་པ༔ མི་འགྱུར་དབྱིངས་ཀྱི་དཀྱིལ་འཁོར་ཏེ༔ བདག་ཅག་རྣམས་ཀྱིས་མཐོང་བའི་ཕྱིར༔ མ་རིག་པ་ཡི་མིག་ཕྱེས་ལ༔ སྙིང་པོ་དོན་གྱི་ལྷ་ཚོགས་བསྟན་དུ་གསོལ༔ དེ་ནས་མིག་རས་བསལ་བ་ནི༔ ལན་དུ་བླ་མས་འདི་སྐད་དོ༔ ཨེ་མ་སྐལ་ལྡན་རིགས་ཅན་ཁྱོད༔ ཐོག་མ་མེད་པའི་དུས་ཉིད་ནས༔ གནས་དོན་མ་ཤེས་རང་མ་རིག༔ མ་རིག་མུན་པས་མིག་ལྡོང་བས༔ དེ་རང་ཤེས་རབ་འོད་གསལ་གྱིས༔ མ་རིག་པ་ཡི་མིག་དབྱེའོ༔ མི་འགྱུར་ལྷ་ཚོགས་བལྟ་བར་གྱིས༔ རང་གི་རིན་ཆེན་འོད་གསལ་བསྟན༔ ཐོག་མའི་སངས་རྒྱས་ངོ་སྤྲད་དོ༔ དེ་ནས་མེ་ཏོག་དབུལ་བ་དང་༔ དཀྱིལ་འཁོར་འཇུག་པ་འདི་ལྟ་སྟེ༔ ཧཱུྃ༔ རིན་ཆེན་རྫས་ཀྱི་མེ་ཏོག་འདི༔ ཡི་དམ་ལྷག་པའི་ལྷ་ལ་འཕེན༔ ལས་འཕྲོ་རྟེན་འབྲེལ་གར་ཡོད་པའི༔ མཆོག་དངོས་དེ་ལ་འབབས་པར་ཤོག༔ པུཥྤེ་པྲ་ཏིཙྪ་ཧཱུྃ༔ དེ་ནས་སྤྲུལ་པའི་ཕོ་ཉ་ཡི༔ ཁྲིད་དེ་དཀྱིལ་འཁོར་ནང་འཇུག་ཕྱིར༔ ཕྱག་འཚལ་གསོལ་འདེབས་འདི་ལྟར་བྱ༔ ཧཱུྃ༔ ཤར་སྒོ་ཡེ་ཤེས་འཆར་བའི་སྒོ༔ རྒྱལ་ཀུན་སྐུ་ཡི་ཕྲིན་ལས་ནི༔ བཅོམ་ལྡན་འདས་ཀྱི་སྐུར་བཞེངས་པ༔ ཕུང་བདུད་འཇོམས་པའི་སྒོ་སྲུང་ནི༔ ངང་དྭངས་ཡབ་ཡུམ་དགོངས་སུ་གསོལ༔ ཡེ་ཤེས་ཉེར་ལྔའི་སྒོ་ཕྱེས་ལ༔ བདག་ཅག་ཡི་དམ་ལྷ་དང་སྤྲོད༔ སྐྱེ་བའི་སྡུག་བསྔལ་རྩད་ནས་ཆོད༔ ཧཱུྃ༔ ལྷོ་སྒོ་ཡོན་ཏན་རྒྱས་པའི་སྒོར༔ རྒྱལ་ཀུན་ཡོན་ཏན་ཕྲིན་ལས་ནི༔ བཅོམ་ལྡན་འདས་ཀྱི་སྐུར་བཞེངས་པ༔ ཉོན་བདུད་འཇོམས་པའི་སྒོ་སྲུང་ནི༔ ཤེས་རབ་རྣམ་དག་ལྷུན་གྲུབ་སྐུ༔ ཞིང་ཁམས་ཉེར་ལྔའི་སྒོ་ཕྱེས་ལ༔ བདག་ཅག་ཡི་དམ་ལྷ་དང་སྤྲོད༔ ན་བའི་སྡུག་བསྔལ་རྩད་ནས་ཆོད༔ ཧཱུྃ༔ ནུབ་སྒོ་བག་ཆགས་ནུབ་པའི་སྒོར༔ རྒྱལ་ཀུན་གསུང་གི་ཕྲིན་ལས་ནི༔ བཅོམ་ལྡན་འདས་ཀྱི་སྐུར་བཞེངས་པ༔ ལྷ་བདུད་འཇོམས་པའི་སྒོ་སྲུང་ནི༔ ཆོས་ཉིད་གསལ་དྭངས་མ་ཆགས་སྐུ༔ གསུང་གསང་ཉེར་ལྔའི་སྒོ་ཕྱེས་ལ༔ བདག་ཅག་ཡི་དམ་ལྷ་དང་སྤྲོད༔ རྒ་བའི་སྡུག་བསྔལ་རྩད་ནས་ཆོད༔ ཧཱུྃ༔ བྱང་ཕྱོགས་ས་ལམ་བྱང་བའི་སྒོར༔ རྒྱལ་ཀུན་ཕྲིན་ལས་རྡོ་རྗེ་ནི༔ བཅོམ་ལྡན་འདས་ཀྱི་སྐུར་བཞེངས་པ༔ འཆི་བདུད་འཇོམས་པའི་སྒོ་སྲུང་ནི༔ རང་སངས་རང་གསལ་ལྷུན་གྲུབ་སྐུ༔ ཕྲིན་ལས་ཉེར་ལྔའི་སྒོ་ཕྱེས་ལ༔ བདག་ཅག་ཡི་དམ་ལྷ་དང་སྤྲོད༔ འཆི་བའི་སྡུག་བསྔལ་རྩད་ནས་ཆོད༔ སྒོ་སྲུང་ཡབ་ཡུམ་བརྒྱད་པོ་ཡིས༔ བདུད་བཞི་སྡུག་བསྔལ་བཞི་པོ་དང་༔ མཐའ་བརྒྱད་སྤྲོས་པ་ཀུན་ལས་བསྒྲལ༔ ཆགས་འཛིན་ཞེན་པའི་མཚོ་ནས་ཐོན༔ རྡོ་རྗེ་རིན་ཆེན་པདྨ་དང་༔ ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་གྱི༔ ལྷ་ཚོགས་ཡོངས་རྫོགས་བསྟན་དུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བྃ་ཧོ༔ སརྦ་ཤནྟི་ས་ཏ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་ལྷ་ངོ་བསྟན་པ་ནི༔ ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཤར་གྱི་ཚོམ་བུ་འདི་དག་ནི༔ རིག་པའི་ཡེ་ཤེས་གསལ་བའི་མདངས༔ གཞན་ན་མེད་དེ་རང་གི་རྩལ༔ ཆོས་ཉིད་བྱང་ཆུབ་སེམས་ལ་རྫོགས༔ ཨེ་མ་རང་གི་ཡེ་ཤེས་མཐོང་༔ ལྷོ་ཡི་ཚོམ་བུ་འདི་དག་ནི༔ རིག་པའི་ཡོན་ཏན་ལྷུན་གྲུབ་མདངས༔ གཞན་ན་མེད་དེ་རང་གི་རྩལ༔ ཆོས་ཉིད་བྱང་ཆུབ་སེམས་ལ་རྫོགས༔ ཨེ་མ་རང་གི་ཡེ་ཤེས་མཐོང་༔ ནུབ་ཀྱི་ཚོམ་བུ་འདི་དག་ནི༔ རིག་པའི་གསུང་མཆོག་ཆགས་མེད་མདངས༔ གཞན་ན་མེད་དེ་རང་གི་རྩལ༔ ཆོས་ཉིད་བྱང་ཆུབ་སེམས་ལ་རྫོགས༔ ཨེ་མ་རང་གི་ཡེ་ཤེས་མཐོང་༔ བྱང་གི་ཚོམ་བུ་འདི་དག་ནི༔ ཡེ་རྫོགས་སྨོན་པ་མེད་པའི་མདངས༔ གཞན་ན་མེད་དེ་རང་གི་རྩལ༔ ཆོས་ཉིད་བྱང་ཆུབ་སེམས་ལ་རྫོགས༔ ཨེ་མ་རང་གི་ཡེ་ཤེས་མཐོང་༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཡང་༔ ཆོས་ཉིད་བྱང་ཆུབ་སེམས་ལ་གནས༔ དཀྱིལ་ནི་ཆོས་སྐུ་འགྱུར་བ་མེད༔ རིག་རྩལ་མ་འགགས་འཁོར་གྱིས་བསྐོར༔ རང་གི་དེ་ཉིད་འདི་ཡིན་ནོ༔ བདེ་གཤེགས་སྙིང་པོ་ལ་སོགས་པའི༔ མཚན་དོན་འཛིན་པའང་འདི་ཡིན་ནོ༔ ད་སྔོན་རང་ལ་ཡོད་བཞིན་དུ༔ གཞན་བཟུང་ལོག་པའི་རྒྱུད་དུ་འཁྲུལ༔ ད་ནི་གཉིས་མེད་མཉམ་པ་ཆེར༔ གྲོང་འཇུག་མ་བཅོས་རྣལ་མ་རུ༔ མཉམ་པར་འཇོག་པའི་ཚུལ་གྱིས་གདལ༔ ཅེས་བརྗོད་དེ་ནས་དངོས་གཞི་ལ༔ བུམ་གསང་ཤེས་རབ་དོན་དམ་པའི༔ དབང་མཆོག་རྣམ་པ་བཞི་རུ་གནས༔ དང་པོ་བུམ་པ་སྐུ་ཡི་དབང་༔ ཞུ་བའི་ཡོན་དུ་མཎྜལ་འབུལ༔ བསྐུལ་ཞིང་གསོལ་བ་འདེབས་པ་ནི༔ ཀྱེ་ལགས་བླ་མ་རིན་པོ་ཆེ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་སྐུ་ཡི་དབང་མཆོག་ནི༔ མ་ལུས་པར་ནི་ཡོངས་སུ་རྫོགས༔ ཐུགས་རྗེས་བདག་ལ་བཀའ་དྲིན་སྩོལ༔ དེ་ནས་དབང་མཆོག་བསྐུར་བ་ནི༔ ཨོཾ༔ ཆོས་དབྱིངས་རྣམ་དག་བུམ་པ་འདི༔ ནང་གསལ་གཞོན་ནུ་བསྒྲེས་རྒུད་བྲལ༔ རྒྱལ་ཀུན་སྐུ་འདུས་གསང་བའི་མཛོད༔ བཅུད་འདི་སྐུ་ཡི་སྙིང་པོ་སྟེ༔ ཡེ་ཤེས་བུམ་པའི་དབང་བསྐུར་བས༔ སྣང་སྲིད་མ་བཀག་ཆོས་སྐུ་རུ༔ ཕྱོགས་རིས་བྲལ་བའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀ་ལ་ཤ་བཛྲ་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ཉིད་རྣམ་པར་རྒྱལ་བའི་ཕྱིར༔ ཐོག་མར་ཐུན་མོང་རིགས་བསྡུས་ནི༔ ཧཱུྃ༔ དྲི་མ་འཁྲུད་ཕྱིར་དམ་ཚིག་ཆུ༔ རྡོ་རྗེ་སྐུ་ཡི་རང་བཞིན་འདིའི༔ ཞེ་སྡང་རྣམ་དག་ལོངས་སྤྱོད་རྫོགས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཧཱུྃ༔ རྒྱལ་བ་རིགས་ལྔའི་རང་བཞིན་གྱི༔ རིན་ཆེན་འོད་འབར་དབུ་རྒྱན་སྒྲོམ༔ ཡོན་ཏན་རང་བཞིན་མཉམ་པ་ཉིད༔ ང་རྒྱལ་ངོ་བོ་ཉིད་སྐུར་གྲོལ༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ ཧཱུྃ༔ རྡོ་རྗེ་འབར་བ་འདི་གཏད་པས༔ མ་ནོར་མ་བཅོས་བྱར་མེད་པའི༔ འདོད་ཆགས་སྤྲུལ་པའི་སྐུ་རུ་གྲོལ༔ སོར་རྟོགས་ཡེ་ཤེས་མངོན་གྱུར་ཤོག༔ ཧཱུྃ༔ ཡུམ་བརྒྱད་འདུས་པའི་དྲིལ་བུ་འདིའི༔ སྒྲ་ཉིད་གྲགས་སྟོང་ཆོས་དབྱིངས་མཚོན༔ ཕྲག་དོག་སྣ་ཚོགས་སྤྲུལ་པར་གྲོལ༔ བྱུ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ ཧཱུྃ༔ རིགས་འདུས་རྡོ་རྗེའི་མིང་དབང་གིས༔ མིང་མེད་བརྗོད་འདས་དེ་ཉིད་མཚོན༔ གཏི་མུག་མི་འགྱུར་རྡོ་རྗེར་གྲོལ༔ ཆོས་དབྱིང་ཡེ་ཤེས་མངོན་གྱུར་ཤོག༔ དབུ་རྒྱན་རིགས་ལྔར་སྣང་བ་སྐུ་ཡི་དབང་༔ མིང་དང་དྲིལ་བུར་སྣང་བ་གསུང་གི་དབང་༔ ཆུ་རྒྱུན་རྡོ་རྗེ་ཐུགས་མཚོན་མཆོག་གི་དབང་༔ མ་ལུས་སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ བིདྡྷ་བཛྲ་རཏྣ་པདྨ་ཀརྨ་བི་ཤྭ་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མཆོག་མིང་གདགས་པ་ནི༔ སྔ་སོར་མེ་ཏོག་བབ་པ་ལས༔ བརྟགས་ཏེ་འདིར་ནི་ཐོབ་པ་ཡིན༔ ཕྱོགས་བཞིའི་དང་པོ་ཤར་ངོས་ལ༔ རྡོ་རྗེ་རྒྱལ་པོ༔ རྡོ་རྗེ་རིན་ཆེན༔ རྡོ་རྗེ་ཆགས་མཆོག༔ རྡོ་རྗེ་ལྷུན་གྲུབ༔ སྐྱེ་དམན་ལ༔ མཚོ༔ ལྷ༔ སྒྲོན་སོགས་གདགས༔ ལྷོ་ཡོན་ཏན་ཕྱོགས་ལ༔ རིན་ཆེན་རྒྱལ་པོ༔ རིན་ཆེན་འོད་འཕྲོ༔ རིན་ཆེན་དྲི་མེད༔ རིན་ཆེན་ལས་གྲུབ༔ རིན་ཆེན་སྣང་མཛད༔ སྐྱེ་དམན་ལ་སྔར་ལྟར་དང་༔ ནུབ་ངོས་ལ༔ པདྨ་གསལ་འདུས༔ པདྨ་རྡོ་རྗེ༔ པདྨ་སྤུངས་པ༔ པདྨ་མཁའ་ཁྱབ༔ པདྨ་ཕྲིན་ལས༔ སྐྱེ་དམན་ལ་མ་ཞེས་སྦྱར༔ བྱང་ཕྱོགས་ངོས་ལ༔ ཕྲིན་ལས་ཐོགས་མེད༔ ཕྲིན་ལས་ལྷུན་གྲུབ༔ ཕྲིན་ལས་དཔལ་འབར༔ ཕྲིན་ལས་དྲི་མེད༔ ཕྲིན་ལས་རྣམ་གྲོལ༔ ཕྲིན་ལས་འོད་ཟེར༔ སྐྱེ་དམན་ལ་དེ་བཞིན་དུ་སྦྱར༔ དབུས་ཀྱི་ཕྱོགས་སུ༔ རྣམ་པར་སྣང་བྱེད༔ འོད་གསལ་རྡོ་རྗེ༔ རྡོ་རྗེ་མཆོག་རབ༔ ཆོས་ཉིད་རང་གྲོལ༔ ཀུན་ཁྱབ་ཡེ་ཤེས་རྩལ་ཞེས་གདགས༔ སྐྱེ་དམན་ལ་ནི༔ བཟང་མོ་ཞེས་གདགས༔ དེ་སོགས་མིང་དབང་ཟུར་བའི་བླ་དྭགས་ལྟར་རོ༔ དེ་ནས་ངོ་སྤྲད་པ་ནི༔ འོ༔ རིགས་ཀྱི་བུ་དེ་ལྟར་ཐུན་མོང་རིག་པའི་དབང་བསྐུར་བས༔ ཉོན་མོངས་ལྔ་དག༔ ཡེ་ཤེས་ལྔ་མངོན་དུ་གྱུར༔ སྐུ་ལྔ་ལྷུན་གྱི་གྲུབ༔ རྒྱུད་ལྔའི་འགྲོ་བ་རྣམས་འདུལ་བའི་དབང་དམ་པ་ཐོབ་པ་ཡིན་ནོ༔ ཁྱད་པར་གྱི་མིང་དབང་མཆོག་གིས་བར་དོར་རྗེས་དྲན་དྲུག་ཐོབ་པ་དང་༔ ཁྱོད་མ་འོང་པའི་དུས་ན་སངས་རྒྱས་དེ་དང་དེའི་མཚན་ཅན་ཐོབ་ནས་འགྲོ་བའི་དོན་བྱེད་པ་ལ༔ ལམ་སྨིན་གྲོལ་ཉམས་སུ་ལོན་ན་སྐྱེ་བ་གཅིག་དང་༔ མིན་ཀྱང་སྐྱེ་བ་གསུམ་ལས་མི་འགྱང་བར་བྱང་ཆུབ་དུ་ངས་ལུང་བསྟན་གྱི་དགའ་སྤྲོ་ཡིད་ཆེས་བསྐྱེད་ཅིག༔ འདི་མན་ཆད་ཀྱིས་དབང་དངོས་གཞི་གཅིག་རྫོགས་པའོ༔ དེ་ནས་ཁྱད་པར་དབང་བསྐུར་ལ༔ མཎྜལ་ཕུལ་ནས་གསོལ་བ་གདབས༔ ཀྱཻ༔ དཀྱིལ་འཁོར་ཁྱབ་བདག་བླ་མ་མཆོག༔ ལུག་རྒྱུད་སྐུ་རུ་སྨིན་པའི་དབང་༔ བདག་ཅག་སྐལ་ལྡན་སེམས་ཀྱི་བུར༔ ད་ལྟ་ཉིད་དུ་སྩལ་དུ་གསོལ༔ དེ་ནས་རྟགས་ཀྱི་དབང་བསྐུར་ནི༔ ཨོཾ༔ ཡེ་ཤེས་ལྔ་དང་དབྱིངས་ལྔ་ནི༔ ཡེ་ནས་སྐུ་གསུམ་འདུ་འབྲལ་མེད༔ ནང་གསལ་ཆོས་ཉིད་དམ་པའི་དོན༔ སྙིང་ཁར་ཞི་བ་རིགས་ཀྱི་ལྷ༔ བཞི་བཅུ་རྩ་གཉིས་རྣམ་པར་བཞུགས༔ སྤྱི་བོར་འབར་བ་ལྔ་བཅུ་བརྒྱད༔ རྩ་ཁམས་དཔའ་བོ་མཁའ་འགྲོའི་ངང་༔ ཡེ་རྫོགས་ལུས་དང་སེམས་ལ་ཡོད༔ རང་ངོ་མ་ཤེས་མ་མཐོང་འཁྲུལ༔ གཞི་འབྲས་མཚམས་སྦྱོར་སད་ཕྱིར་དུ༔ རྟེན་འབྲེལ་བདེན་པ་འདི་ལ་ཡོད༔ དུས་གསུམ་རྒྱལ་བའི་རིགས་སྐུ་འདུས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལུས་ལྔའི་སྒྲིབ་པ་ཀུན་དག་ནས༔ སྐུ་ལྔའི་ངོ་བོ་མངོན་གྱུར་ཤོག༔ ཨོཾ་ཤིནྟཾ་ཀྲོ་དྷ་སརྦ་ཀ་ཡ་ཨ་བྷི་ཥིཉྩ༔ འགྲོ་བའི་དོན་བྱེད་སྣང་བ་སྐུ་ཡི་དབང་༔ མ་འགགས་གསལ་ཁྱབ་བརྡ་རྟགས་གསུང་གི་དབང་༔ ཡེ་ཤེས་གཟུགས་སུ་སྣང་བ་ཐུགས་ཀྱི་དབང་༔ མ་ལུས་སྐལ་ལྡན་ཁྱོད་ཀྱི་ཐོབ་པར་ཤོག༔ ཀ་ཡ་ཝཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འདི་ཡང་ཟུར་པའི་དབང་གཅིག་སྟེ༔ ངོ་སྤྲོད་ནི༔ ཀྱཻ༔ སྐལ་ལྡན་རིགས་ཀྱི་བུ༔ སྐུ་འདི་དག་ཁྱོད་ལ་ཡེ་ནས་ཡོད་པའི་ཡེ་ཤེས་ཀྱི་རང་མདངས་ཡིན་གྱི༔ གཞན་དུ་མ་འཛིན་པར་གཉིས་མེད་མཉམ་པ་ཆེན་པོར་རྫོགས་ཚུལ་རྟོགས་པའི་དབང་གི་ཉམས་སྐྱོང་ལ་ངང་ལས་མ་འདའ་ཅིག༔ དེ་མ་ཐག་ཏུ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ངོ་བོར་སངས་རྒྱས་པ་ཡིན་ནོ༔ ཤིས་བརྗོད་དང་བཅས་སྨོན་ལམ་གདབས༔ དེ་ཡན་ཀུན་ལ་བསྐུར་བར་རུང་༔ གཉིས་པ་གསང་དབང་ཞུ་བ་ནི༔ ཀྱཻ༔ དཀྱིལ་འཁོར་ཁྱབ་བདག་བླ་མ་མཆོག༔ ལམ་སྣང་གསུངས་དུ་སྨིན་པའི་དབང་༔ བདག་ཅག་སྐལ་ལྡན་སེམས་གྱི་བུར༔ ད་ལྟ་ཉིད་དུ་སྩལ་དུ་གསོལ༔ དེ་ནས་གསང་བའི་རྫས་ཐོགས་ལ༔ ཨཱ༔ སྣང་གྲགས་བརྟགས་སྣང་ཐབས་ཡིན་ཏེ༔ ངོ་སྟོང་མཉམ་ཉིད་ཤེས་རབ་རྒྱལ༔ གཉིས་མེད་ཆེན་པོ་སྦྱོར་བ་ལས༔ དབྱེ་བསལ་མེད་པའི་འབྲས་བུ་ལས༔ བདེ་ཆེན་བྱང་ཆུབ་སེམས་སུ་ཇེན༔ ཁྱོད་ཀྱང་བརྟུལ་ཞུགས་མཆོག་དང་ལྡན༔ འབྲུ་ཚོགས་ཡི་གེའི་རང་སྒྲར་བཅས༔ མྱང་བས་མ་ཆགས་པདྨ་ཐོབ༔ མ་འོངས་ཁྱོད་ཀྱི་གནས་ཕྲན་ནས༔ ཡི་གེ་འཁོར་ལོའི་འགྲོ་དོན་འཕྲོ༔ ལོངས་སྤྱོད་རྫོགས་སྐུའི་སྐལ་བར་དབང་༔ གནས་སྐབས་རྣམ་པར་རྟོག་པ་འགགས༔ རླུང་ཉིད་དམ་ཚིག་སྒྲོལ་མར་གྲོལ༔ བཟླས་པ་སྔགས་ཀྱི་རྒྱུ་སྦྲེལ་བས༔ སྐྱེ་མེད་རང་བྱུང་དོན་ལ་འཇུག༔ དབང་མཆོག་འདི་ལ་མོས་པ་ཙམ༔ ཐོབ་ཀྱང་སྲིད་པ་ཐ་མ་ཡིན༔ གཞི་དབྱིངས་མངོན་དུ་འགྱུར་བ་དང་༔ ལམ་དབྱིངས་ཚད་དུ་ཕྱིན་པ་དང་༔ འབྲས་དབྱིངས་རྒྱུ་ལ་བྲལ་དག་ནས༔ སྤྱན་ལྔ་ཆགས་མེད་དབང་ཐོབ་ཤོག༔ རྒྱུན་གྱི་རྡོ་རྗེའི་སྐུ་ལ་དབང་༔ འབྲུ་ཚོགས་གསུང་གི་རང་བཞིན་འཆང་༔ ཟབ་གསལ་ཐུགས་ཀྱི་བདེ་མྱང་གི༔ དབང་མཆོག་མ་ལུས་ཡོངས་རྫོགས་ཤོག༔ སུརྱ་ཙནྡྲ་བྷོ་དྷི་ས་ཏྭ་སཾ་བྷོ་ཀ་བཛྲ་ཨ་བྷི་ཥིཉྪ་ཧཱུྃ༔ ཅེས་བརྗོད་གཙང་རྨེའི་འཛིན་པ་དོར༔ བབས་ལུགས་གཞི་ཡི་བདེ་ཆེན་ལ༔ དམིགས་པས་རྣམ་པར་དག་པར་སྤྱོད༔ ས་མ་ཡཱ༔ དེའི་ངོ་སྤྲོད་ནི༔ ཀྱཻ༔ སྐལ་ལྡན་རིགས་ཀྱི་བུ༔ བླ་མ་ཡབ་ཡུམ་རོལ་བའི་གསང་ཆེན་གྱི་རྫས༔ ངོ་བོ་ལོངས་སྤྱོད་ཁ་སྦྱོར་བདུན་ལྡན་གྱི་རང་བཞིན༔ རྣམ་པ་ཡི་གེའི་ཕྲེང་བ་འདི༔ དང་པོ་མཁའ་གསང་ཉི་ཟླ་ཁ་སྦྱོར་ནས་བབས༔ དེ་ནས་ལྕེ་རྡོ་རྗེའི་སྦུག་མ་ལ་བབས༔ བརྟན་པ་རོ་རྣམས་འདུས་པ་ལ་བབས༔ འགྱེད་པ་འཁོར་ལོ་བཞི་ལ་དགྲམ༔ ཁྱོད་སྦྱིན་ཤུགས་ཅན་ཅིག་སྟེ༔ འདིའི་ཐོབ་པ་བདེ་སྟོང་ལོངས་སྤྱོད་རྫོགས་སྐུ༔ བཟླ་བ་གྲགས་སྟོང་སྔགས་ལ༔ དག་པ་རྡུལ་དམར་པོའི་སྲིད་རྩ༔ མཛད་པ་རྟག་པ་རྒྱུན་གྱི་འཁོར་ལོ༔ དུས་སྐྱེ་བ་ཕྱེད་ཐང་ལ༔ ངོ་མཚར་བའི་ལུང་བསྟན་ཐོབ་པའོ༔ ཤིས་བརྗོད་འདི་ཡང་ཟུར་བ་གཅིག༔ གསུམ་པ་ཤེས་རབ་ཡེ་ཤེས་ཀྱི༔ དབང་མཆོག་དམ་པ་བསྐུར་བ་ནི༔ རིགས་ཅན་ལྔ་ཡི་བུ་མོ་རྣམས༔ ལྷག་པའི་ལྷ་ལ་གང་ཤིས་བརྟགས༔ པདྨ་ཅན་དང་དུང་དཀར་འཁྱིལ༔ རི་མོ་ཅན་དང་ཧསྟ་ཀ༔ ཡང་ན་རི་དྭགས་གང་རུང་ལ༔ རིགས་ལ་ཤིས་པའི་ཡུམ་ཡིན་ཏེ༔ དཀར་སེར་དམར་ལྗང་ཁ་དོག་དང་༔ མཛེས་བརྗིད་ཡིད་གཅུག་བྱ་བ་གྲུབ༔ ཀུན་ཀྱང་ལྷུན་གྱི་གྲུབ་པ་སྟེ༔ ཉི་ཟླ་མཉམ་འཇོག་ཟུར་རེ་འམ༔ ལོ་ཚོད་ངེས་དང་མ་ངེས་པ༔ མཚན་ལྡན་བཞི་བཅུ་མན་ཆད་དོ༔ འགྲོས་ཀྱང་གོམ་སྟབས་གསུམ་བཞི་ན༔ གཞན་དང་མི་མཚུངས་ལྡེམ་འཁྲིལ་བག༔ ཁ་དོག་ལྔ་ཡི་གོས་བགོས་ལ༔ ཡོ་བྱད་ལྔ་ཡིས་མཆོད་བྱས་ནས༔ རིན་ཆེན་ལྔ་ཡི་རྒྱན་སྤྲས་མ༔ འདོད་ཡོན་ལྔ་ཡི་རྣམ་པར་བསྐོར༔ རོལ་བས་བདེ་བ་ལྔ་བཟུང་ངོ་༔ བསྙེན་བསྒྲུབ་རྣམ་བཞི་ཚང་བ་ཡི༔ སློབ་མ་སྦྱོར་ནས་བླ་མ་ཡི༔ དགའ་བཞིའི་ཡེ་ཤེས་ངོ་སྤྲད་དོ༔ ས་མ་ཡཱ༔ ཞུ་བ་ནི༔ ཀྱཻ༔ དཀྱིལ་འཁོར་ཁྱབ་བདག་བླ་མ་མཆོག༔ ཤེས་རབ་རྩལ་གྱི་ངང་རྒྱས་ནས༔ ཡིད་ཤེས་རང་བཞིན་འཆིང་བའི་ཕྱིར༔ ཤེས་རབ་དབང་མཆོག་བསྐུར་དུ་གསོལ༔ དེ་ནས་ལན་གནང་འདི་ལྟ་སྟེ༔ ཕྱག་རྒྱ་ཕོ་མོའི་གཡས་གཡོན་ནས༔ བཟུང་སྟེ་སྦྱིན་པ་འདི་ལྟར་རོ༔ ཀྱཻ༔ བརྟུལ་ཞུགས་མཆོག་ལ་གནས་པ་ཁྱོད༔ འཇིག་རྟེན་ཆོས་བརྒྱད་ཞེན་པ་དོར༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀུན༔ སྒྱུ་མ་འདི་ལ་མ་བརྟེན་པར༔ ཡང་དག་གྲུབ་པ་གཅིག་ཀྱང་མེད༔ དེ་ཙམ་བཟོད་ཐོབ་ངོ་མཚར་ཆེ༔ ཡུལ་གྱི་མ་ཕྱེ་ཆོས་ཀྱི་དབྱིངས༔ སེམས་ཀྱི་མ་བསམ་ཆོས་ཀྱི་དབྱིངས༔ ཆོས་སྐུ་ཆོས་དབྱིངས་བརྗོད་མེད་ཀློང་༔ ཤེས་རབ་ཡེ་ཤེས་ངོ་ཡི་ཟུང་༔ བཅུ་དྲུག་དགའ་བའི་རང་མདངས་ཅན༔ ངོ་བོ་སྟོང་པ་ཉིད་དུ་གྲུབ༔ ཡེ་ནས་ལྷན་སྐྱེས་འདུ་འབྲལ་མེད༔ ངང་དེར་མ་བཅོས་མཉམ་པར་ཞོག༔ མཐོང་ན་དོན་གྱི་ཡེ་ཤེས་ཡིན༔ ཆོས་ཀྱི་སྐུ་ལ་བྱང་ཆུབ་འགྱུར༔ རྩལ་ལ་ཤེས་རབ་རྣམ་བཞི་ཡོད༔ རིག་བྱེད་རྩལ་གྱི་ཡེ་ཤེས་ཟེར༔ རྣལ་འབྱོར་ཀུན་གྱིས་འདི་ཉིད་རྟོགས༔ ཁྱོད་ཀྱང་སྐྱེ་བ་གཅིག་གི་མཐར༔ སངས་རྒྱས་གྲུབ་པར་ངས་ལུང་བསྟན༔ གཉིས་མེད་མཉམ་གྲོལ་དབང་ཐོབ་ཤོག༔ པྲཛྙཱ་ཛྙཱ་ན་དྷརྨཱ་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཐབས་ཤེས་ལྷར་གསལ་སྐུ་ཡི་དབང་༔ སྦྱོར་ཐབས་བརྡ་གར་གསུང་གི་དབང་༔ ཕྱག་རྒྱ་སྣོལ་དང་བདེ་སྟོང་གི༔ ཡེ་ཤེས་ཐུགས་ཀྱི་དབང་ཐོབ་ཤོག༔ ཅེས་སྙོམ་པར་འཇུག་པའི་བདེ་སྟོང་ལ༔ རྒྱུ་འབྲས་ས་ལམ་ཕར་ཕྱིན་དང་༔ ཡོངས་སུ་རྫོགས་པའི་ངེས་པ་བསྐྱེད༔ དེ་ནི་མཐོང་ལམ་ཐོབ་བྱེད་རྒྱུ༔ འབྲས་བུ་ཟུང་འཇུག་ཆོས་སྐུར་ཐུགས༔ ལམ་དུ་ཐིག་ལེ་བསྒོམ་ལ་དབང་༔ ཁུ་བས་སྲིད་རྩ་དབྱིངས་སུ་དག༔ ས་མ་ཡཱ༔ དེ་ཡི་ངོ་སྤྲོད་ནི༔ ཀྱཻ༔ སྐལ་ལྡན་རིགས་ཀྱི་བུ༔ ལམ་གྱི་ཡེ་ཤེས་མཆོག་ཏུ་གྱུར་བ༔ འབྲས་བུ་ལ་མཚམས་སྦྱོར་བྱེད༔ འདོད་ན་ཞག་བཅུའི་སངས་རྒྱས་ཀྱི་ས་ལ་གོམ་སྟབས་གཅིག་གིས་བསྒྲོད་པའི་དབང་ཁྱོད་ལ་བྱིན་ཅིང་ཐོབ་པ་ཡིན་པས་དགའ་སྤྲོ་དང་གུས་འདུན་བསྐྱེད་ཅིག་དང་༔ བསྒོམ་ན་མི་ཚེ་ཕྱེད་ཀྱིས་སངས་རྒྱས་པར་གདོད་མི་ཟ་བར་ངས་ལུང་བསྟན་ཏོ༔ ཞེས་བརྗོད་དེ་ནས་ཤིས་པས་བརྒྱན༔ བཞི་པ་ཚིག་དབང་དོན་དམ་པ༔ སངས་རྒྱས་ས་ཡི་ཡེ་ཤེས་ལ༔ སྣང་སྟོང་རིམ་པས་རྣམ་པ་གཉིས༔ ཐོབ་བྱེད་རྫས་དང་ཐོབ་བྱའི་དོན༔ རྣམ་པ་མ་འདྲེས་སོ་སོར་གསལ༔ དང་པོ་རྫས་ལ་མེ་ལོང་དང་༔ ཤེལ་གྱི་མཚན་པ་ཁྲེགས་ཆོད་དབང་༔ མཎྜལ་ཕུལ་ནས་གསོལ་གདབས་ནི༔ ཀྱཻ༔ དཀྱིལ་འཁོར་ཁྱབ་བདག་བླ་མ་མཆོག༔ ཀུན་གཞི་མ་རིག་ས་འགགས་ནས༔ འབྲས་བུ་ངོ་བོ་ཉིད་བརྟན་ཕྱིར༔ ཚིག་གི་དབང་མཆོག་བསྐུར་དུ་གསོལ༔ དེ་ནས་བླ་མས་ལན་སྦྱིན་པ༔ ཀྱཻ་ཧོ༔ སྐལ་བ་མཆོག་ལྡན་སངས་རྒྱས་གདུང་༔ བསྒྲུབ་པས་གྲུབ་པ་མ་ཡིན་ཏེ༔ ཡེ་ཉིད་ནས་ནི་ལྷུན་གྱི་གྲུབ༔ མཚོན་པའི་དཔེ་ལས་འདས་ན་ཡང་༔ ཐབས་ཀྱི་རྣམ་པས་བསྟན་པར་བྱ༔ དེ་ནས་ཤེལ་རྡོ་ཐོགས་ལ་འདི་སྐད་དོ༔ ཀྱཻ༔ རང་བྱུང་སྒྲོན་མའི་ངོ་བོ་ཉིད༔ ཟང་ཐལ་དྲི་བྲལ་ཤེལ་རྡོའི་མཚོན༔ ནང་ན་འོད་ལྔའི་འཆར་གཞིར་ཡོད༔ གཏིང་གསལ་གཟུགས་སྐུ་ཕྱིར་མི་སྣང་༔ མ་རིག་སྒྲིབ་བྲལ་དངོས་པོ་བཟང་༔ གཤིས་ལ་སྐྱོན་གྱིས་མི་འཇུག་པ༔ ད་ལྟའི་གཞི་ཡི་འོད་གསལ་ཡིན༔ སོ་སྐྱེ་བ་ལ་མཐོང་བར་དཀའ༔ ཉི་མ་ཟླ་བ་ནམ་མཁའ་ཟུང་༔ ཡ་ཅིག་ཁོག་ལ་ཐུར་མས་མཚོན༔ གོམས་སྟབས་བསྒྱུར་ཞིང་ཕ་མ་སོད༔ སློབ་དཔོན་ངན་པ་བཙོན་ལ་བཟུང་༔ བརྡ་དེ་གོའམ་རིགས་ཀྱི་བུ༔ མ་རིག་དྲི་མ་ཀུན་ནས་དག༔ མི་འགྱུར་རྡོ་རྗེར་བརྟན་གྱུར་ཅིག༔ ཅེས་བརྗོད་དོན་སྦྱོར་བར་སྤྲད༔ གཉིས་པ་མར་མེའི་ངོ་སྤྲོད་ནི༔ ཀྱེ་མ་ངོ་མཚར་རྨད་བྱུང་བ༔ སྣང་གསལ་མར་མེའི་དཀྱིལ་འཁོར་ནི༔ ངོ་བོ་སྤྲུལ་པའི་སྐུ་རུ་བཞུགས༔ རང་བཞིན་སྣང་གདངས་ཕྱི་ནང་མེད༔ རང་གཞན་ཀུན་གྱི་མུན་པ་སེལ༔ ཡེ་ཤེས་ལྔ་ཡི་འོད་ཟེར་འབར༔ འབྱུང་བ་ལྔ་པོ་ཅིག་ཆར་རྫོགས༔ ཅི་བཞིན་པ་ལས་ངེས་པ་བསྐྱེད༔ སེམས་ཉིད་ངང་དྭངས་རིན་ཆེན་འདི༔ བརྡ་དང་དོན་སྤྱིར་རག་མ་ལུས༔ མེད་ལ་སྣང་བ་མི་འགལ་བ༔ མྱོང་མེད་མྱོང་བ་ངོ་མཚར་ཆེ༔ རྣམ་རྟོག་མཚན་མའི་ཚོགས་ལས་བྱུང་༔ ཆོས་ཉིད་རང་གསལ་རང་དབང་ཐོབ༔ རིན་ཆེན་ཚིག་དབང་གིས་མཚོན་ན༔ ད་ལྟའི་ཤེས་པ་འདི་ལས་མེད༔ རིག་དང་མ་རིག་ཁྱད་པར་གྱིས༔ཤེར་རབ་རྩལ་གྱིས་འཁོར་འདས་གསལ༔ གཟུང་འཛིན་ཕྱི་ནང་ལ་སོགས་པ༔ ཐམས་ཅད་གཏིང་གསལ་འདི་ཡིས་བྱས༔ དེ་ཉིད་མངོན་གྱུར་དབང་ཐོབ་ཤོག༔ ཡེ་ཤེས་ལྔ་ཡི་གཟི་མདངས་ཅན༔ ཕ་རོལ་ཕྱིན་པ་རྒྱུ་འབྲས་རྫོགས༔ གཞི་ལམ་འབྲས་བུའི་ཀུན་ཏུ་བཟང་༔ འདི་ལས་མེད་དོ་ཁོ་ཐག་ཆོད༔ འབྲས་ཆོས་གཟུགས་སྐུའི་ཡོན་ཏན་ཀུན༔ མཐོང་བ་ཅུང་ཟད་ནོངས་གྱུར་ཀྱང་༔ མྱུར་དུ་རྣམ་པར་དག་པར་འགྱུར༔ ཕཊ་ཕཊ་ཕཊ༔ སེམས་ཀྱི་ངོ་བོ་དེ་ང་ལ་སྟོན༔ ལ་འུར་ཤོད༔ ཅེས་བྱ༔ པ་ར་མརྠ་ཙ་ཏུ་ཨ་བྷི་ཥིཉྩ་ས་མནྟ་བྷ་དྲ་ཨེ་མ་ཧོ༔ དེ་ཡི་མཐའ་ལ་ཤིས་པ་བརྗོད༔ ཟུང་འཇུག་བསྒོམ་ལམ་མཐར་ཕྱིན་ནས༔ སངས་རྒྱས་ས་དྲུག་མངོན་དུ་བརྙེས༔ ལམ་ལ་བཞི་བ་བསྒོམ་དུ་རུང་༔ ཀུན་གཞིའི་ས་བོན་བག་ཆགས་དག༔ ཁྱད་པར་སྣང་བའི་དབང་མཆོག་བཞི༔ གཞི་ན་ཡོད་པ་ངོ་སྤྲོད་ཅིང་༔ འབྲས་བུར་སྨིན་པའི་རིགས་སད་ཕྱིར༔ ལམ་གྱི་ལས་རུང་འདི་ལྟར་བསྐུར༔ དང་པོ་སྟོང་པ་ཉེར་བསྡོགས་ཡིན༔ གཉིས་པ་དབྱིངས་ལ་འཇའ་ཚོན་རིས༔ ཐིག་ལེ་སྣ་ཚོགས་འོད་ཀོར་ཁྱིམ༔ མཐོང་བྱེད་ཆགས་མེད་སྤྱན་ལྔའི་མཚོན༔ མིག་ལྔ་རྟེན་དུ་ཉི་ཟླ་དང་༔ སྐུ་ལ་མདངས་ཀྱི་ལུ་གུ་བརྒྱུད༔ དེ་ལས་བསྐུར་ཐབས་རྣམ་དག་གོ༔ དང་པོ་དབྱིངས་ལ་དཀྱིལ་འཁོར་རིས༔ སྟོན་ཅིང་ཞུ་བ་འབུལ་བ་ནི༔ ཀྱེ་ཧོ༔ དཀྱིལ་འཁོར་ཁྱབ་འཇུག་བླ་མ་རྗེ༔ ཟུང་འཇུག་སྨིན་པ་མཐར་ཕྱིན་ནས༔ ཤེས་སྒྲིབ་ཕྲ་བ་རྣམ་དག་ཕྱིར༔ རྟགས་དོན་སྦྲེལ་བའི་དབང་བསྐུར་སྩོལ༔ དེ་ནས་གནང་བ་བསྩལ་བ་ནི༔ ཨེ་མ༔ ཁྲེགས་ཆོད་གསང་བསྐོར་མན་ཆད་དུ༔ གཟུགས་སྐུ་ད་ལྟ་མི་སྣང་ཞེས༔ ཡང་དག་ཆོས་ལ་སྐུར་བ་བཏབས༔ ཁྱོད་ནི་སེམས་ཀྱི་བུ་གཅིག་སྟེ༔ དོན་འདི་གཉེར་བ་ངོ་མཚར་ཆེ༔ རྟག་ཆད་མཐའ་ལས་ད་ལྟ་གྲོལ༔ དབྱིངས་ཀྱི་དཀྱིལ་འཁོར་འདི་ལ་ལྟོས༔ ཤར་འདི་རྡོ་རྗེ་རིགས་ཀྱི་སྒོ༔ ཚོམ་བུར་ལྟ་ན་འདི་ལ་ལྟོས༔ ལྷོ་འདི་ལོངས་སྤྱོད་རྫོགས་བའི་སྒོ༔ ཡེ་ཤེས་ལྟ་ན་འདི་ལ་ལྟོས༔ ནུབ་འདི་སྐུ་ལྔ་མཐར་ཕྱིན་སྒོ༔ རིགས་ཉིད་ལྟ་ན་འདི་ལ་ལྟོས༔ བྱང་འདི་རྡོ་རྗེ་སྙིང་པོའི་སྒོ༔ རིགས་ལྔར་ལྟ་ན་འདི་ལ་ལྟོས༔ མཐོང་བ་དག་ན་གཞི་ལ་སླེབས༔ རིག་པ་དང་ནི་ཡེ་ཤེས་ཀྱི༔ སྣང་བ་དམ་པ་འདི་བཞིན་པས༔ ཕྱི་ཡི་དབྱིངས་དང་རིག་པ་གཉིས༔ འདུ་འབྲལ་མེད་པ་དེ་བཞིན་ནོ༔ རྫས་ཀྱི་དབྱིངས་དང་རིག་པ་གཉིས༔ དོ་ནུབ་ཁྱོད་ལ་དབང་བསྐུར་བས༔ རྣམ་དག་དབྱིངས་དང་ཡེ་ཤེས་ཀྱི༔ དབང་བསྐུར་དམ་པ་ཐོབ་པར་ཤོག༔ ལུ་གུ་རྒྱུད་ཀྱི་སྐུ་ཐོགས་ལ༔ དབྱིངས་དང་རིག་པ་དབྱེར་མེད་པ༔ རིགས་ལྔ་རྒྱལ་བ་ཞི་ཁྲོའི་སྐུར༔ དབང་བསྐུར་རྡོ་རྗེའི་དཀྱིལ་འཁོར་རྫོགས༔ དབང་ནི་རང་རང་ཙིཏྟའི་དཀྱིལ༔ རྡོ་རྗེའི་དཀྱིལ་འཁོར་དབུས་མཚོན་ནོ༔ རྟེན་མཆོག་མཚུངས་མེད་སྐུ་ཐོགས་ལ༔ ཐུགས་རྗེའི་འོད་དང་མཉམ་པ་ཡི༔ སྣང་སྲིད་ཡེ་ཤེས་ལྔ་ཡི་འོད༔ ཡེ་ཤེས་ལྔ་ལས་འབྱུང་འོད་ལྔ༔ གཉིས་མེད་སྦྱོར་བའི་གཞལ་ཡས་ཁང་༔ ཡབ་ལྔའི་དངོས་གྲུབ་བླངས་བའི་ཕྱིར༔ ཁྱོད་ནི་འདི་ལ་བལྟ་བར་གྱིས༔ ཐིག་ལེ་སྟོང་བའི་སྐུ་ཐོགས་ལ༔ ཐིག་ནི་མ་ནོར་ལམ་ཡིན་ཏེ༔ ལེ་ནི་ཀུན་ལ་གདལ་བ་ཡིན༔ སྤྲོས་པ་དག་ཕྱིར་གྲྭ་ཟུར་ཟླམ༔ ཁ་དོག་ཐམས་ཅད་ཡོངས་སུ་རྫོགས༔ ལྷུན་གྲུབདཀྱིལ་འཁོར་ཐམས་ཅད་ཀུན༔ མུ་ཁྱུད་ར་བར་སྟོན་མཛད་པའི༔ ཐིག་ལེ་ཆེན་པོའི་མེ་ཏོག་འདིའི༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ནང་དབྱིངས་རྟེན་དང་བཅས་པ་འདིའི༔ རིན་ཆེན་སྦུབས་སུ་སངས་རྒྱས་ཤོག༔ ཨོཾ་པྲ་ཝེ་ཤ་ཡ་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྤྱན་གྱི་དབང་བསྐུར་བ་ནི༔ ཧཱུྃ༔ རྣམ་དག་དྲི་མེད་ཡེ་ཤེས་སྤྱན༔ གང་ཡང་མ་འགགས་ཤེས་རབ་སྤྱན༔ རང་བཞིན་མ་གཡོས་རིག་པའི་སྤྱན༔ ཐམས་ཅད་མཁྱེན་པ་གཞི་ཡི་སྤྱན༔ དུས་གསུམ་མངོན་སྤྱན་ཐོགས་པ་མེད༔ རྒྱང་ཞགས་ཆུ་ཡི་དཀྱིལ་འཁོར་འདི༔ ཆོས་ཉིད་མངོན་གྱི་བརྡོལ་བའི་སྤྱན༔ སྐལ་ལྡན་རིགས་ཀྱི་བུ་ལ་གཏད༔ དམ་ཚིག་འདི་ནི་དེང་དུ་ལོངས༔ དུས་ཀུན་རང་གི་མེ་ལོང་ལྟོས༔ ཡེ་ཡོད་དོན་དམ་མངོན་དུ་འགྱུར༔ བསྐུར་བ་བཞིན་དུ་ཐོབ་གྱུར་ཅིག༔ ཐོབ་པ་བཞིན་དུ་བརྟན་གྱུར་ཅིག༔ བརྟན་པ་བཞིན་དུ་གྲོལ་གྱུར་ཅིག༔ འཁྲུལ་མི་ཤེས་པའི་གདེངས་ཐོབ་ཤོག༔ ཙཀྵུ་ཛྙཱ་ན་ཤུདྡྷ་པཉྩ་ཨ་བྷི་ཥིཉྩ༔ དེ་ནི་རྟགས་ཀྱི་དབང་བསྐུར་ཏེ༔ ངོ་སྤྲོད་རིམ་པས་ངེས་ཤེས་བསྐྱེད༔ འོ༔ སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་ལ་ཤེལ་རྡོ་དྲི་མ་མེད་པའི་དབང་བསྐུར་བས༔ ཟང་ཐལ་ཀ་དག་གི་དོན་མཚོན་པ་ངོ་ཤེས་པར་གྱིས་ཤིག༔ ཡེ་ཤེས་མར་མེའི་ངོ་སྤྲོད་པས་རང་མདངས་འགགས་མེད་ཀྱི་དོན་ངོ་ཤེས་པར་གྱིས་ཤིག༔ སྒྲོན་མེའི་ཟེར་འོད་ཀྱི་ངོ་སྤྲད་པས་ཡེ་ཁྱབ་ཐུགས་རྗེ་ཀུན་གསལ་གྱི་དོན་ངོ་ཤེས་པར་གྱིས་ཤིག༔ ཁྱད་པར་དུ་གཞི་སྐུ་གསུམ་གྱི་སྣང་ཆ་ཁྱོད་ལ་ཡོད་པ་ཉིད༔ འབྲས་བུ་ཡེ་ཤེས་ཀྱི་སྣང་བ་འོད་ཟེར་འཕྲོ་བ་ཅན༔ རྟེན་འབྲེལ་རྫས་ཀྱི་སྒྲོན་མ་བཞི་ཡི་དབང་བསྐུར་བ་འདིའི་སད་ནས་སངས་རྒྱས་ཀྱི་ས་དྲུག་ད་ལྟ་ཉིད་དུ་ཐོབ་པར་གྱུར་ཅིག༔ འདི་ལ་མོས་པ་ཙམ་གྱིས་ཀྱང་༔ ངེས་པའི་ལོ་ཟླ་ཞག་བདུན་གྱིས༔ གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་རྒྱལ་ཐབས་ཐོབ་པས་དགའ་བ་བླ་ལྷག་ཏུ་བསྐྱེད་དང་༔ ལུང་བསྟན་མཆོག་གི་ས་ལ་གནས་ནས་འཁོར་བའི་སྡུག་བསྔལ་ལས་སེམས་ཅན་ཐམས་ཅད་དབུགས་དབྱུང་བའི་ཕྲིན་ལས་རྨད་དུ་བྱུང་བ་འགྲུབ་པར་འགྱུར་བ་ཡིན་ནོ༔ ཞེས་སྤྲོ་བ་བསྐྱེད་ལ༔ དེ་ནས་བཞུགས་སྟངས་གཟིགས་སྟངས་བསླབས༔ སྒོ་ཡུལ་རླུང་གི་གནད་བཅིངས་ཏེ༔ ཅུང་ཟད་ཙམ་ཞིག་བསྒོམ་དུ་བཅུག༔ ངོ་སྤྲོད་དབང་བསྐུར་འདི་ལྟར་བྱ༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ རྒྱང་ཞགས་རྟེན་ལ་བཅིང་བ་ན༔ ལྔ་ལྡན་འོད་ཀྱི་དྲྭ་བ་འདི༔ རྣམ་དག་དབྱིངས་ཀྱི་སྒྲོན་མ་ཡིན༔ ཆོས་ཀྱི་སྐུ་ཡི་ངོ་བོའོ༔ ཐིག་ལེ་འོད་ཀོར་སྣང་བ་འདི༔ ལོངས་སྐུ་སྟོང་སྒྲོན་ངོ་བོའོ༔ ལུག་རྒྱུད་འགྲོ་འོང་རང་བཞིན་འདི༔ རྡོ་རྗེ་མི་འགྱུར་ངོ་བོ་ཉིད༔ ཤེས་རྩལ་འགགས་མེད་ཅིར་ཡང་འཛིན༔ སྤྲུལ་པ་སྐུ་ཡི་ངོ་བོའོ༔ ཀུན་ཀྱང་རིག་པ་གཅིག་ལ་རྫོགས༔ མངོན་བྱང་ཡོན་ཏན་ངོ་བོའོ༔ སླད་ནས་འབྱུང་བ་མ་ཡིན་ཏེ༔ ཡེ་ནས་ཁྱོད་ལ་འདི་ལྟར་ཡོད༔ ད་ནི་མཐོང་བ་བསྟན་པ་ཡིན༔ བསྒོམ་པའི་དབང་ཀྱང་སྦྱིན་པ་ཡིན༔ དམ་ཚིག་ཡལ་བར་མ་འདོར་ཞིག༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ རྡོ་རྗེའི་བླ་མ་ང་ཉིད་ཀྱིས༔ སྲོག་གི་དྭངས་མ་ཁྱོད་ལ་གཏད༔ དེ་རིང་ཉིད་ནས་བསྒོམ་པར་མཛོད༔ འབྲས་བུ་སངས་རྒྱས་སྐལ་བ་ཡང་༔ ད་ལྟ་ཉིད་དུ་ཁྱོད་ལ་སྦྱིན༔ རིན་ཆེན་ཡལ་བར་མ་འདོར་ཞིག༔ བདག་གིས་ཁྱོད་ལ་གཏད་པ་འདིར༔ སངས་རྒྱས་ཀུན་གྱི་རྗེས་བརྗོད་ཀྱང་༔ མངོན་སུམ་ཁྱོད་ངོར་བྱོན་པ་ཡིན༔ སྐལ་པ་འདི་འདྲ་མ་འདོར་ཅིག༔ འདི་ལ་བརྟེན་ནས་ཁྱོད་ཉིད་ཀྱང་༔ རང་དོན་སྤངས་པ་ཕུན་སུམ་ཚོགས༔ རྟོགས་པའི་ཡོན་ཏན་མཐའ་རུ་ཕྱིན༔ གཞན་དོན་གཟུགས་སྐུའི་བཀོད་པ་ཡིས༔ འགྲོ་ཁམས་དོང་ནས་སྤྲུགས་གྱུར་ནས༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་སྲིད༔ སྐལ་ལྡན་ཁྱོད་ཀྱི་ཐོབ་པར་ཤོག༔ ཨོཾ་ཛྙཱ་ན་དྷརྟུ་ཏི་ལ་ཀ་ཀ་ཡ་ཙཀྵུ་ཙ་ན་པཉྩ་ཨ་པ་ཏ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བཀོད་དངོས་གཞིའི་དབང་རྫོགས་ནས༔ དེ་ནས་མཐའ་རྟེན་གཏོར་མ་དང་༔ ཁྱད་པར་རྒྱལ་སྲིད་རིན་ཆེན་བདུན༔ མཚན་དཔེ་མཚོན་པའི་དོན་རྟགས་བརྒྱད༔ ཡོངས་སུ་གཏད་ཅིང་བརྟན་པར་བྱ༔ དམ་ཚིག་ཁས་བླང་གཏང་རག་ཏུ༔ སྲོག་འདོན་དགེ་སློང་སྐྱེས་པ་དང་༔ བུད་མེད་སྲོག་ཆགས་བརྒྱ་ཕྲག་ལ༔ སྟོན་མོ་དབང་དུས་བྱེད་པ་ཟབ༔ ཤིས་བརྗོད་མཆོག་གི་མཐར་རྒྱས་བྱ༔ དེ་དག་རྗེས་ཀྱི་རིམ་པའོ༔ དེ་སྐད་རྡོ་རྗེའི་དབང་བསྐུར་འདི༔ ཀུན་ཀྱང་ཤིན་ཏུ་སྤྲོས་མེད་ཀྱི༔ ཡན་ལག་ཉིད་དུ་ཡོད་པའི་ཕྱིར༔ ཐ་མ་འདི་ལ་ཡོངས་སུ་འདུས༔ ལམ་གྱི་ནང་ནས་མཐར་ཕྱིན་པ༔ སངས་རྒྱས་ཡེ་ཤེས་བསྒོམ་ལ་དབང་༔ སྐུ་ཡི་ནང་ནས་མཐར་ཕྱིན་པ༔ ཀུན་ཏུ་བཟང་པོ་བཅུད་དུ་སྨིན༔ ཡེ་ཤེས་ནང་ནས་མཐར་ཕྱིན་པ༔ རང་བྱུང་ཆོས་སྐུ་མངོན་དུ་འགྱུར༔ མཐོང་བའི་གནས་འགྱུར་མཐར་ཕྱིན་པ༔ རང་སྣང་ལོངས་སྐུའི་ཡོན་ཏན་འབར༔ རབ་འབྱམས་རིག་པའི་དབང་འདི་ཡིས༔ དུས་གསུམ་དབང་གི་ཚོགས་ཀུན་རྫོགས༔ མ་ཐོབ་པ་ནི་གཅིག་ཀྱང་མེད༔ མདོ་རྒྱུད་རྒྱ་མཚོར་དུས་གཅིག་དབང་༔ གནས་སྐབས་མཐར་ཐུག་རིག་འཛིན་གྱི༔ སྟོང་སྲོག་ཐོབ་པར་གདོན་མི་ཟ༔ དང་པོ་དབང་གི་ཁེ་ཉེན་དུས༔ བརྟགས་ནས་བྲོ་བོར་དམ་བཅས་པས༔ ད་ནི་འཆར་བར་བྱེད་པ་དང་༔ སྒྲུབ་པ་ཡལ་བར་དོར་བ་ལ༔ མ་དང་མཁའ་འགྲོ་ཐམས་ཅད་དང་༔ ཆོས་སྐྱོང་སྲུང་མའི་བཀའ་ཆད་ཡོད༔ བསྒྲུབ་ན་མྱུར་དུ་འགྲུབ་པར་འགྱུར༔ འགལ་རྐྱེན་བར་ཆད་ཐམས་ཅད་ཞི༔ མཐུན་རྐྱེན་མ་ལུས་ལྷུན་གྱི་གྲུབ༔ ས་མ་ཡཱ༔ ཚུལ་འདི་གནས་བརྟན་དོན་གྱི་རྣལ་འབྱོར་པ༔ འགྱུར་མེད་རྣམ་པར་རྒྱལ་བ་གང་དེ་ཡིས༔ རྡོ་རྗེའི་གསུང་ལ་གདོང་བཟློག་མ་ནུས་པར༔ དུས་མཐའི་སྔགས་མིང་ག་ག་ཨ་བྷྱེ་ཡིས༔ དུས་གསུམ་རྒྱལ་བའི་སྲོག་དབང་དུས་གཅིག་བསྐུར༔ ཐབས་ཀྱི་མཆོག་འདིའི་མཚོན་བྱེད་རང་བཞིན་རྒྱུད༔ བརྡའ་ཡི་རྣམ་པ་ཨཀྵར་ཡི་ཐིམ༔ འདུ་བྱེད་རྩེ་མོ་རྣམ་པར་བཀོད་པ་འདི༔ གང་དེའི་བརྩོན་འགྲུས་རྨད་དུ་བྱུང་བའོ༔ དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ། །