དབོན་པོ་བསོད་ནམས་རྒྱལ་མཚན་ལ་གདམས་པ།

དབོན་པོ་བསོད་ནམས་རྒྱལ་མཚན་ལ་གདམས་པ།

ན་མོ་ལོ་ཀེ་ཤྭ་ར་ཡ། མཁྱེན་པའི་འདབ་བརྒྱ་ཐུགས་རྗེའི་ཟེའུ་འབྲུས་མཛེས། །དམ་ཆོས་བཅུད་འཛིན་འཕྲིན་ལས་དྲི་བསུང་ཅན། །སྐལ་བཟང་རྐང་དྲུག་ལྡན་རྣམས་ཉེར་འཚོའི་གཞི། །ཐུབ་དབང་ཉི་མའི་གཉེན་གྱུར་དེ་ལ་འདུད། །བསོད་ནམས་དགེ་བའི་རིན་ཆེན་ཁམས་ལས་གྲུབ། །རྒྱལ་མཚན་རྩེར་སོན་དབང་གི་རྒྱལ་པོ་ལྟར། །བློ་གྲོས་དཀྱིལ་འཁོར་རིགས་པའི་འོད་སྟོང་ཅན། །ལེགས་བཤད་ཚ་ཟེར་འཕྲོ་བ་དེ་ལ་སྤྲིང་། །སྐྱེ་བའི་རླབས་གཡོ་རྒ་ཤིའི་རྦ་ཀློང་ཅན། །སྣ་ཚོགས་ཉེས་བརྒྱའི་ཆུ་སྲིན་འཛིན་ཁྲིའི་གནས། །སྲིད་པའི་རྒྱ་མཚོ་གཏིང་མཐའ་མེད་པ་འདིར། །བདག་གཞན་མ་ལུས་བྱིངས་ལ་ཡིད་འབྱུང་མཛོད། །དུཿཁ་ཆུ་ཀླུང་བྱེ་བའི་རྒྱུན་འབབ་ཅིང་། །འདོད་ལས་ངོམས་མེད་སྲིད་པའི་བ་ཚྭ་ཅན། །ངན་འགྲོའི་འཇིང་ཆེན་འབད་པས་བརྒལ་དཀའ་བ། །འདི་ལ་སེམས་ལྡན་སུ་ཞིག་ཡིད་མི་འབྱུང་། །སྔོན་ཆད་རུས་པའི་རི་བོ་གྲངས་མེད་འགེངས། །ཁྲག་དང་མཆི་མའི་རྒྱ་མཚོ་མང་བརྒལ་ཡང་། །ད་དུང་དེ་ལས་ཆེས་ལྷག་འདའ་དགོས་ན། །སྐྱེ་བ་འདི་ལ་ཆོག་ཤེས་མི་བྱེད་དམ། །སྣ་ཚོགས་ལས་ཀྱི་རྒྱ་མཚོར་ཆུད་གྱུར་ཅིང་། །ཉོན་མོངས་མཆིལ་པས་རིང་ནས་དྲངས་གྱུར་ཏེ། །འཆི་བདག་ཉ་པས་ལན་བརྒྱར་བཅོམ་གྱུར་ཀྱང་། །ད་དུང་སྐྱེ་བའི་ཆུ་བོས་མ་སུན་ནམ། །ཐོག་མེད་དུས་ནས་ལན་མང་དུ་མ་རུ། །བརྩེ་བས་བསྐྱངས་པའི་དྲིན་ཅན་འགྲོ་བ་འདི། །བཟོད་དཀའི་སྡུག་བསྔལ་དྲག་པོས་གདུངས་རིག་ནས། །བཅོས་མིན་སྙིང་རྗེས་བདག་རྒྱུད་བརླན་པར་གྱིས། །བྱམས་པའི་སྟོབས་ཀྱིས་ཟགས་པའི་ནུ་ཞོའི་རྒྱུན། །རྒྱ་མཚོ་བས་ཀྱང་ཆེས་ལྷག་འཐུང་གྱུར་པ། །མ་རྣམས་སྡུག་བསྔལ་ཆུ་བོས་གཡེངས་པ་ལ། །བརྩེ་བ་མེད་ན་དེ་ལས་ཁྲེལ་བོར་སུ། །འགྲོ་འདིས་བརྩེ་བའི་མིག་གིས་ཡང་ཡང་བལྟས། །སྙན་པའི་མིང་གིས་ཡང་ཡང་བདག་ལ་བོས། །གདུང་བའི་ཤུགས་ཀྱིས་མཆི་མའི་རྒྱུན་མང་ཕྱུང་། །འདི་ཡི་དུཿཁ་ཡིད་ལ་བཅགས་པར་རིགས། །ཐོག་མེད་དུས་ཀྱི་བྱམས་ལྡན་མ་རྣམས་ཀྱི། །གནག་དཀའི་སྡུག་བསྔལ་མང་ཐོས་དྲན་གྱུར་ཀྱང་། །བརྩེ་བའི་འགྱུར་བ་ཅུང་ཟད་ཡོད་མིན་པའི། །མིའི་སྙིང་དེ་རྡོ་རྗེའི་རང་བཞིན་ནོ། །དོན་དམ་སྤྲོས་བྲལ་ནམ་མཁའི་རང་བཞིན་དང་། །ཀུན་རྫོབ་རྟེན་འབྲེལ་སྒྱུ་མའི་ཆོས་ཉིད་ལ། །དངོས་སྟོབས་རིགས་པས་ཚུལ་བཞིན་རྣམ་དཔྱད་ནས། །སྒྲོ་སྐུར་བྲལ་བའི་ཡན་ལག་ལྟ་བ་སྐྱོངས། །དོན་དམ་སྤྲོས་བྲལ་ནམ་མཁའི་རང་བཞིན་ལ། །ལན་མང་བརྟགས་ཀྱང་སྐྲག་པའི་སྐབས་མེད་ཅིང་། །དགའ་བའི་སྤུ་ལོང་ཡང་ཡང་རྒྱས་འགྱུར་པ། །དེ་ལ་རྟག་པར་བལྟ་བའི་གོ་སྐབས་མེད། །ཀུན་རྫོབ་རྟེན་འབྲེལ་སྒྱུ་མའི་ཆོས་ཉིད་ལ། །དཀར་ནག་ལས་འབྲས་བསླུ་བ་མེད་ཤེས་ནས། །འགྲོ་ལ་བཅོས་མིན་སྙིང་རྗེ་སྐྱེ་འགྱུར་བ། །དེ་ཡིས་ཆད་པར་ལྟ་བ་རིང་དུ་སྤངས། །མང་ཐོས་བདུད་རྩིའི་རོ་མཆོག་མ་མྱངས་ཤིང་། །དངོས་སྟོབས་རིགས་པའི་མིག་དང་བྲལ་གྱུར་བས། །བདེན་གཉིས་རྣམ་དབྱེའི་ཚུལ་ལ་རྨོངས་རྣམས་ཀྱིས། །སྐལ་བརྒྱར་འབད་ཀྱང་གྲོལ་བའི་སྐབས་མི་རྙེད། །འཕགས་དང་མཁས་པ་རྣམས་ཀྱི་བཞེད་པའི་གཞུང་། །དུས་གསུམ་རྒྱལ་བ་རྣམས་ཀྱིས་བགྲོད་གཅིག་ལམ། །ཐེག་མཆོག་ལམ་གྱི་གཞུང་ཤིང་ཆོས་གསུམ་པོ། །སྐལ་བཟང་ཁྱོད་ཀྱིས་ཚུལ་འདི་ཉམས་སུ་ལོངས། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །སྤྱོད་དང་སྨོན་ལམ་མཐུན་པར་ལེགས་སྤྱད་ཏེ། །ཞིང་དང་སྐལ་བ་རྡོ་རྗེའི་གདན་གཅིག་ལ། །འཆི་མེད་བདུད་རྩིའི་གོ་འཕང་ཐོབ་པར་བྱ། །ཅེས་རང་གི་སློབ་མ་ལ་སྤྲིངས་པའི་ཚིགས་སུ་བཅད་པ་འདི་ནི་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་གངས་དཀར་པོ་བུ་ལེའི་གནས་སུ་སྦྱར་བའོ། །ཤུ་བྷཾ་ཝ་སྟུ་སརྦ་ཛ་ག་ཏམ།། །།