དཔལ་རྒ་ལོ་པའི་སྒྲུབ་གནས་ངོ་སྤྲོད། ཡི་དམ་རྡོ་རྗེ།

མདོ་ཁམས་གཡུ་ཁོག་གི་སའི་ཆར་གཏོགས་པ་འུག་ཚང་ངམ་ཡུལ་སྐད་དུ་ཨུག་ཚང་ཁོག་གི་རྒ་ལོ་མ་ཞེས་འབོད་པའི་གནས་རི་འདི་ནི་གྲུབ་བརྙེས་རིག་འཛིན་དུ་མའི་སྒྲུབ་གནས་དང་གཏེར་གནས། དད་ལྡན་རྣམས་ཀྱིས་མཇལ་སྐོར་བྱེད་སའི་གནས་རི་ཁྱད་འཕགས་ཤིག་ཡིན་པར་འདུག་མོད། དེང་དུས་མཇལ་སྐོར་བྱེད་མཁན་རྒྱུན་ཆད་པར་མ་ཟད་གནས་འདིའི་ལོ་རྒྱུས་དག་སྟོང་པའི་དབྱིངས་སུ་ཐིམ་ལ་ཉེ་བར་འདུག་པ་ནི་ཆེས་ཡིད་ཕངས་པའི་གནས་སུ་མཐོང་། དེ་ཡང་མ་ཎི་རྡོ་འབུམ་ཞིག་ཡོད་ས་འདི་ནི་སྔོན་དད་ལྡན་རྣམས་ཀྱིས་ཕྱག་དང་བསྐོར་བ་བྱེད་གནས་ཤིག་ཡིན། དེའི་ཉེ་འཁོར་དུ་རྡོ་ཕ་བོང་ཞིག་གི་སྟེང་དུ་གཏེར་སྒོ་གྲུ་བཞི་ཞེས་པ་དང་། ཡང་རྫུ་མེས་བླ་མ་རྒྱལ་མཚན་གྱིས་གནོད་སྦྱིན་ཛམ་ནག་གི་གསེར་སྐུ་སྒྲོས་ལེགས་ཤིག་གཏེར་དུ་བཞེས་པའི་གནས་ཕ་བོང་ཁང་ཆེན་འདྲ་བ་ངོས་སུ་རང་བྱོན་སྣ་ཚོགས་ཡོད་པ་དང་། གཞན་ཡང་གཤིན་རྗེའི་རྒྱ་མ་རང་བྱོན་དང་། དཔལ་རྒ་ལོ་པ་གཞོན་ནུ་དཔལ་གྱི་ཞབས་རྗེས། ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེའི་ཞབས་རྗེས་སོགས་མཇལ་ཏུ་ཡོད། གནས་འདིའི་གནས་སྒོ་ཕྱེ་མཁན་སུ་ཡིན་དང་དུས་ནམ་ཙམ་ལ་གནས་སྒོ་ཕྱེ་སོགས་མི་གསལ་ཡང་། རྒྱལ་དབང་ཨོ་རྒྱན་ཆེན་པོ་རྫུ་འཕྲུལ་གྱིས་ཕེབས་ཤིང་གནས་འདི་བྱིན་གྱིས་བརླབས་ཤིང་ཆོས་ནོར་གྱི་གཏེར་ཁ་སྣ་ཚོགས་སྦས་པ་ནི་གཏེར་སྒོ་དང་གཏེར་བླངས་ཚུལ་སོགས་ལས་ཤེས་ནུས། མདུན་གྱི་རྒ་ལོ་མའི་ལུང་པའི་སྟོད་ཕྱོགས་སུ་འགྲོ་བ་འདུལ་བའི་སྤྲུལ་སྐུ་ཐུབ་པ་དྲུག་གི་གནས་སུ་གྲགས་པའི་བྲག་རི་དྲུག་ཡོད་ཅིང་ཐུབ་དྲུག་བྲག་ཏུ་འབོད། དཔལ་ཆེན་རྒ་ལོ་པའི་སྒྲུབ་ཕུག་ཀྱང་དེར་ཡོད། གཞན་ཡང་གནས་འདི་དམ་པའི་སྐྱེས་བུ་རྣམས་ཀྱིས་གཙིགས་ཆེན་མཛད་ནས་མཇལ་སྐོར་སོགས་སུ་ཇི་ལྟར་བྱོན་པའི་ཚུལ་ནི། རབ་བྱུང་གཉིས་པའི་ནང་དཔལ་རྒ་ལོ་པ་གཞོན་ནུ་དཔལ་གཡུ་ཁོག་གི་ཡུལ་དུ་བྱོན་ནས་ཡུལ་ལྷ་རྡོ་རྗེ་གཡུ་ཁྲོམ་ལ་དགེ་བསྙེན་གྱི་སྡོམ་པ་གནང་ཚུལ་དེའི་བསང་མཆོད་ལས། གྲུབ་ཐོབ་སྐྱེས་བུ་རྒ་ལོ་བྱོན། །དེ་ལ་དགེ་བསྙེན་སྡོམ་པ་ཞུས། །སྤྱི་བོའི་གཙུག་ཏུ་རྡོ་རྗེ་བཞག །མཚན་ལ་རྡོ་རྗེ་གཡུ་ཁྲོམ་བཏགས། །ཞེས་སོགས་གསུངས་པ་དང་། དུས་དེར་རྒ་ལོ་མའི་ཕུ་རུ་སྒྲུབ་པ་ཉམས་བཞེས་མཛད་པས་རྒ་ལོའི་སྒྲུབ་ཕུག་དང་། ས་དེ་ལ་ཡང་རྒ་ལོ་མ་ཞེས་མིང་དུ་ཐོགས། རབ་བྱུང་བཅུ་གཅིག་པའི་ནང་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ། རིམ་གྲོ་པ་ཀུན་ཏུ་བཟང་པོ། ཞྭ་དམར་བདུན་པ་ཡེ་ཤེས་སྙིང་པོ་བཅས་གནས་འདིར་དཔལ་རྒ་ལོ་པའི་སྒྲུབ་གནས་མཇལ་སྐོར་དུ་ཕེབས་ཚུལ་ནི། ཞྭ་དམར་ཡེ་ཤེས་སྙིང་པོས་མཛད་པའི་ཀརྨ་པ་བཅུ་པའི་རྣམ་ཐར་དུ། དཔལ་ཆེན་རྒ་ལོའི་སྒྲུབ་གནས་ཕེབས་པའི་ཚེ། དཔའ་བོ་སྤྲུལ་པའི་སྐུ་ཡི་ངོས་འཛིན་དང་། །རྟོགས་བརྗོད་ཀ་ལ་པིངྐའི་ལམ་གླུ་ཞེས། །ཀུན་ཏུ་བཟང་པོར་གདམས་པར་མཛད་ལ་འདུད། །གནས་དེར་སྲ་མཁྲེགས་རྡོ་བ་ངོས་མཉམ་ལ། །རྒྱལ་བའི་ཞབས་རྗེས་གསལ་བར་བྱོན་པ་ཡིས། །ཕྱོགས་དེའི་སྐྱེ་བོ་དད་པ་མི་ཕྱེད་པའི། །ངོ་མཚར་དད་པའི་རྟེན་དུ་གྱུར་ལ་འདུད། ཞེས་དང་། ཀཾ་ཚང་གསེར་ཕྲེང་ལས། རྡོ་རྗེ་གཡུ་སྒྲོན་གྱི་གངས་རི་དང་ཉེ་བར་དཔལ་རྒ་ལོའི་སྒྲུབ་གནས་ཀྱི་ཞོལ་ཆུ་དཀར་པོར་ཕེབས། སྙི་སྟོད་སྨད་ཤེལ་ཁོག་པ་རྣམས་ཀྱི་འདྲེན་པ་བླ་མ་ཀརྨ་ཡོངས་འཛིན་བླ་གྲྭ་རྣམས་ཀྱིས་མཇལ། ལེའུ་བདུན་མའི་ལྗགས་ལུང་བསྩལ། ཕ་བོང་ཞིག་ལ་ཞབས་རྗེས་གསལ་བ་ཞིག་བྱོན། རྗེ་དཔའ་བོའི་སྤྲུལ་པའི་སྐུ་ངོས་འཛིན་མཛད། ཁྲོམ་རྣམས་ལ་དྭགས་པོ་ཆོས་བཞིའི་ཁྲིད་མཛད། ཞེས་གསུངས། རབ་བྱུང་བཅུ་གསུམ་པའི་ནང་མཆོག་མགོན་ཧཱུྃ་རལ་བདུད་འདུལ་གནས་འདིར་ཕེབས་ཚུལ་ནི། ཁོང་གི་གཏེར་བྱོན་མོ་འདྲེ་བཀར་བ་གནམ་ལྕགས་རྡོ་རྗེ་ཐོག་འབེབ་ལས། ཤིང་མོ་ཕག་གི་ལོ་(1755)ཧོར་ཟླ་ལྔ་པའི་ཡར་ཚེས་བཅུ་ལ། སྤྲུལ་སྐུ་མཆོག་མགོན་ཧཱུྃ་རལ་བདུད་འདུལ་ཉིད། བསྟན་བསྲུང་རྡོ་རྗེ་དབྱི་ཁྲོམ་གྱི་གནས་མདུན་དེར་ཕེབས་ལམ་འུག་ཚང་། གྲུབ་ཆེན་དཔལ་རྒ་ལོ་པའི་ཞབས་རྗེས་ཡོད་ས་དེར་ཞག་མལ་བྱས། ཞེས་སོགས་གསུངས། རབ་བྱུང་བཅོ་ལྔ་པའི་ནང་རྫུ་མེས་བླ་མ་རྒྱལ་མཚན་གྱིས་གནས་འདིའི་རྡོ་ཕ་བོང་ཞིག་གི་ནང་ནས་གནོད་སྦྱིན་ཛམ་ནག་གི་སྐུ་འབྱོན་ལེགས་པ་ཞིག་གཏེར་ནས་སྤྱན་དྲངས་པར་མཛད་དོ།། དེ་ལྟར་ངོ་མཚར་བའི་ལོ་རྒྱུས་ལྡན་པའི་གནས་འདི་ཉིད་ལ་མཇལ་སྐོར་སོགས་དང་། ཤུལ་རྟེན་རྣམས་ལ་བསྲུང་སྐྱོབ། གཞོན་སྐྱེས་དང་ཡུལ་སྐོར་བ་རྣམས་ལ་གནས་འདིའི་ལོ་རྒྱུས་གང་ཤེས་ངོ་སྤྲོད་བྱེད་རྒྱུ་གལ་ཆེ་བར་མཐོང་།།

 ཆུ་སྟག་ས་ག་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་པོའི་ཉིན་གཡུ་ཁོག་པ་ཡི་དམ་རྡོ་རྗེས་བྲིས།