Nitartha Digital Library
Tibetan
ཨོ་རྒྱན་བྱང་ཆུབ་ལོ་མའི་དཔེ་ཚོགས།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འོད་གསལ་ཐོད་རྒལ་གྱི་ཉམས་ལེན་ཉུང་ངུར་དྲིལ་བ་ཤིན་ཏུ་གཅེས་པའི་མན་ངག །ཀུན་མཁྱེན་མི་ཕམ་རྒྱ་མཚོ།
   
   
   
   
   


 
previousའོད་གསལ་ཐོད་རྒལ་གྱི་ཉམས་ལེན་ཉུང་ངུར་དྲིལ་བ་ཤིན་ཏུ་གཅེས་པའི་མན་ངག །ཀུན་མཁྱེན་མི་ཕམ་རྒྱ་མཚོ།next

འོད་གསལ་ཐོད་རྒལ་གྱི་ཉམས་ལེན་ཉུང་ངུར་དྲིལ་བ་ཤིན་ཏུ་གཅེས་པའི་མན་ངག །ཀུན་མཁྱེན་མི་ཕམ་རྒྱ་མཚོ།

༄༅། །འོད་གསལ་ཐོད་རྒལ་གྱི་ཉམས་ལེན་ཉུང་ངུར་དྲིལ་བ་ཤིན་ཏུ་གཅེས་པའི་མན་ངག་བཞུགས་སོ། །དཔལ་གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདིར་རྫོགས་པ་ཆེན་པོ་མན་ངག་སྡེའི་ཁྱད་ཆོས་འོད་གསལ་ཐོད་རྒལ་གྱི་ཁྲིད་རིམ་ཉམས་སུ་ལེན་པར་འདོད་པས་གནས་གཙང་ཞིང་དབེན་ལ་ཉམས་དགའ་བར་སྔོན་འགྲོའི་རིམ་པ་རྣམས་རྫོགས་ནས། དངོས་གཞིའི་རིམ་པ་ནི། དགུང་དང་འཆར་ཀ་གཉིས་ལ་ཟེར་སྟབས་བདེ་བའི་དུས་སུ་འདི་ལྟར་བསམ་སྟེ། ག་རེ་བདག་དེ་སྔ་ཕན་ཆོད་འཁོར་བར་དེ་ཙམ་འཁྱམས། ད་རེས་ནི་སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག་པ་དང་། དེ་ལས་ཀྱང་མྱུར་བའི་མཐར་ཐུག་འོད་གསལ་རྡོ་རྗེ་རྩེ་མོའི་གསང་ལམ་ཁྱད་པར་ཅན་དང་འཕྲད་པའི་དུས་འདིར་དྲིན་ཅན་མ་རྒན་འགྲོ་བ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་བཀོད་པའི་སླད་དུ་མྱུར་བ་མྱུར་བར་ཚེ་འདི་ཉིད་ལ་ཡེ་ཤེས་ཀྱི་སྐུ་སྒྲུབ་པའི་ཆེད་དུ་འོད་གསལ་ཐོད་རྒལ་གྱི་གདམས་ངག་ཟབ་མོ་ཉམས་སུ་ལེན་པར་བགྱིད་དོ་སྙམ་པའི་སེམས་པ་དྲག་ཏུ་བསྐྱེད། དེ་ནས་དངོས་གཞི་ནམ་མཁའ་དྭངས་པར་ཉི་ཟེར་མིག་ལ་མི་གནོད་པར་ཁྲིད་ནས་བལྟས་པས་ཕྱིའི་ནམ་མཁའ་རྐྱེན་ལ་བྱས་པའི། དྭངས་གསལ་སྔོ་མཐིང་བའི་དབུས་སུ་འཇའ་ཟེར་ཁ་དོག་སྣ་ཚོགས་པའི་དབུས་ན་ཐིག་ལེ་ཟླུམ་པོ་ཀོ་མོག་ལ་རྡོ་བསྒྱུར་བ་ལྟ་བུ་ཕྱི་ནང་རིམ་པ་ཅན་དུ་མ་དང་། ཐིག་ལེ་ཤེལ་དཀར་གྱི་ཕྲེང་བ་ལྟ་བུ་འབྲེལ་ཆགས་པ་ཉིས་འཁྱོགས་སུ་འཆར་བ་འཕར་ཞིང་གཡོ་བ་མཐོང་ངོ་། །དེ་དག་ཀྱང་ཕྱི་རོལ་ན་ཡོད་པའམ། ནང་གི་དབང་པོ་འཁྲུལ་རྒྱུས་བསླད་པའི་ལྟར་སྣང་ལྟ་བུ་མ་ཡིན་ཏེ། རང་གི་སྙིང་ཙིཏྟ་ཤ་ཡི་སྒྲོན་མེའི་དབུས་ན་གནས་ལུགས་རང་བྱུང་གི་ཡེ་ཤེས་ངོ་བོ་སྟོང་པ་རང་བཞིན་གསལ་བ་ཐུགས་རྗེ་ཀུན་ཁྱབ་ཀྱི་བདག་ཉིད་དུ་བཞག་པའི་གདངས་རྩལ་དབང་པོས་མངོན་སུམ་དུ་མཐོང་བ་སྟེ། སྒྲོམ་གྱི་མར་མེའི་འོད་བུ་ག་ནས་ཕྱི་རོལ་ཏུ་སྣང་བ་ལྟ་བུའོ། །དེ་ཡང་ནང་གི་ཡེ་ཤེས་ཀྱི་རྩལ་རྩ་ཀ་ཏི་ཤེལ་གྱི་སྦུ་ག་ཞེས་བྱ་བ་མིག་ལ་ཟུག་པ་ལས་བརྒྱུད་དེ་མིག་རྒྱངས་ཞག་ཆུའི་སྒྲོན་མས་མཐོང་བའི་རྐྱེན་བྱས་པའོ། །དེ་ལ་སྐབས་འདིར་འོ་ན་འདི་ལྟར་སྙིང་གི་ནང་ན་རང་བྱུང་གི་ཡེ་ཤེས་འཇའ་དང་འོད་ཀྱི་རྣམ་པ་རྟག་བརྟན་མི་ཤིག་པའི་དངོས་པོ་ཨ་འཐས་ཀྱི་རྣམ་པར་ཡོད་པར་ཡིན་ནམ་སྙམ་ན། ཤིན་ཏུ་མི་རུང་སྟེ་མུ་སྟེགས་ཀྱི་བདག་བསྒོམས་པ་དང་ཁྱད་པར་མེད་པས་སོ། །འོ་ན་དེའི་རྩལ་དབང་པོའི་ཡུལ་དུ་ཇི་ལྟར་འཆར་སྙམ་ན་དྭངས་ཤེལ་ཕྱི་རྐྱེན་དང་མ་འཕྲད་པའི་སྐབས་སུ། འཇའ་འདི་ན་ཡོད་པ་དང་འདི་ཙམ་གྱི་ཚད་མི་དཔོག་ཀྱང་། ཉི་ཟེར་ལ་འཕྲད་ན་མངོན་སུམ་དུ་སྣང་ལ། འཇའ་དེ་ཡང་ཤེལ་གྱི་ཕྱི་ནང་གང་ལ་ཡང་མི་གསལ་འཇའ་ཡོད་པ་དང་མེད་པའི་ཤེལ་གྱི་གནས་སྐབས་ལ་ངོ་བོ་འགྱུར་བ་མེད་པ་ལྟར། རང་གི་སེམས་ཉིད་གདོད་ནས་སྟོང་པ་དངོས་པོའི་ཆོས་སུ་བདེན་པར་གྲུབ་པ་དུས་གསུམ་རྒྱལ་བས་ཀྱང་མི་གཟིགས་པའི་དབྱིངས་ལས་ལྷུན་གྲུབ་སྣང་ཆ་རོལ་པའི་གདངས་རྩལ་མི་འགག་པ་དབང་པོས་མངོན་སུམ་དུ་མཐོང་ཡང་གཞི་དབྱིངས་ལས་ཅུང་ཟད་ཀྱང་གཡོ་བ་མེད་པ། སྣང་བ་དང་སྟོང་པ་རང་གི་ངང་གིས་ཟུང་དུ་འཇུག་པ་བསམ་གྱིས་མི་ཁྱབ་པའི་དབྱིངས་མངོན་སུམ་གཏན་ལ་ཕེབས་པས་ཤེས་ཉམས་ཡིད་དཔྱོད་ཀྱི་གྲུབ་མཐའ་བསྣུབས་ནས། ཟུང་འཇུག་སྣང་བའི་ཡེ་ཤེས་བརྗོད་དུ་མེད་པ་ལ་ཡིད་ཆེས་ཁྱད་པར་ཐོན་པ་འདི་པའི་ལུགས་ཀྱི་རྣལ་འབྱོར་པར་བགྲང་གི་གཞན་དུ་འཇའ་ཐིག་ཙམ་ཡེ་ཤེས་ཀྱི་རྩལ་ཡིན་ཡང་དེ་ལྟར་ངོ་མ་ཤེས་པ་ལ་སྣང་བ་ཙམ་གྱིས་མི་ཕན་ཏེ་བྱིས་པས་འཇའ་ཚོན་བལྟ་བ་དང་འདྲའོ། །དེས་ན་སྙིང་དབུས་མི་ཤིག་པའི་ཐིག་ལེ་ལ་སོགས་པ་མཚན་གྱི་རྣམ་གྲངས་དུ་མ་སྔགས་ཀྱི་རྒྱུད་སྡེ་སོ་སོ་ནས་གསུངས་པ་ཐམས་ཅད། རིག་པའི་ཡེ་ཤེས་གསལ་སྟོང་ཟུང་དུ་འཇུག་པ་དངོས་མཚན་སྤྲོས་པ་ཐམས་ཅད་ཀྱིས་གཞོམ་དུ་མེད་ཅིང་མི་ཕྱེད་པ་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་འདུས་མ་བྱས་པའི་དབྱིངས་བསམ་བརྗོད་དང་བྲལ་བ་རྣལ་འབྱོར་དབང་པོ་རབ་རང་གི་རྟོགས་པར་བྱ་བ་ལ་ཟེར་གྱི་ཚུར་མཐོང་བྱིས་པའི་བློས་སྒྲ་ཐད་སོར་བརྟགས་ན། གསང་བའི་དོན་ལ་མ་རྟོགས་ལོག་རྟོགས་ཐེ་ཚོམ་གྱི་སྒྲོམ་དུ་ཚུད་པར་འགྱུར་རོ། །དེ་ལྟར་མཐར་ཐུག་གི་ཡེ་ཤེས་ལ་རྒྱུད་སྡེའི་དགོངས་པ་མཐུན་ཡང་ཡེ་ཤེས་ལ་སྦྱོར་བའི་ཐབས་ཀྱི་རིམ་པ་སྣ་ཚོགས་གདུལ་བྱའི་དབང་པོ་དང་སྐལ་བ་དང་འཚམས་པར་གསུངས་པ་ལས། རྫོགས་པ་ཆེན་པོ་འདི་ནི་གསེར་སྦྱངས་པ་ལྷད་དང་བྲལ་བ་ལྟར་ཡེ་ཤེས་ཁོ་ན་ལམ་དུ་བྱེད་པ་ཐེག་པའི་རྩེ་མོར་རིགས་པས་གྲུབ་པའོ། །དེ་ལྟ་བུའི་ལམ་ཉམས་སུ་ལེན་པ་ལ། དང་པོ་གཞི་གནས་ཟུང་འཇུག་སྤྲོས་པ་དང་བྲལ་བའི་གནད་ངོ་འཕྲོད་པའི་གང་ཟག་གིས་རྟོགས་ལྡན་བླ་མའི་མན་ངག་སྔར་བཤད་པའི་ཕྱི་དབྱིངས་སྔོ་ཐིང་ངེ་བ་དེ། ནང་དུ་རང་སྣང་སྟོང་པ་ཉིད་ཀྱི་གདངས་མངོན་སུམ་དུ་མཐོང་བ་དག་པ་དབྱིངས་ཀྱི་སྒྲོན་མ་ཞེས་བྱ་བ་ངོ་ཤེས་པར་བྱ། འདི་ལ་འོད་ལྔའི་མུ་ཁྱུད་ཀྱི་དབུས་ན་གནས་པའི་སྔོན་པོ་དང་། ཡི་གེ་ན་རོ་ལྟ་བུ་ལ་སོགས་པ་གསུངས་ཏེ། གོམས་པ་རྣམས་ལ་འོད་ལྔའི་ཐིག་ཟླུམ་གྱི་དབུས་ན། མཐིང་ཀ་ཤིན་ཏུ་དྭངས་པ་དང་། འགའ་ཞིག་ལ་རྫི་མ་གཉིས་ཀྱིས་རྐྱེན་བྱས་པའི་མཐའ་འཇས་འཁྱུད་པའི་མཐིང་ག་ན་རོ་ལྟ་བུ་འཆར་བ་དང་། རྒྱ་ཆེ་བར་སྣང་བའི་མཐིང་ག་ཁྱབ་པ་ཆེན་པོ་རྣམས་སུ་སྣང་ཚུལ་གྱི་རྒྱུད་རྣམས་ལས་དུ་མར་གསུངས་ཀྱང་ངོ་བོ་གཅིག་གོ །དེ་ལ་དང་པོ་ཕྱིའི་ནམ་མཁའི་རྐྱེན་ལས་སྔོ་རིབ་ཙམ་ལས་མི་འཆར། གོམས་ནས་རིམ་པར་འོད་ལྔས་འཁྱུད་པའི་མཐིང་ཀ་ཕྱིའི་དབྱིངས་ནམ་མཁའ་གཡའ་དག་པ་ལས་ཀྱང་ཤིན་ཏུ་སྔོ་བའི་རྣམ་པ། རིག་པའི་ཐིག་ལེ་སྟོང་སྒྲོན་གྱི་གནས་རས་གཞི་ལྟ་བུ་ཡིན་ལ། དེའི་ནང་དུ་ཐིག་ལེ་ཀོ་མོག་ལ་རྡོ་བསྒྱུར་བ་ལྟ་བ་དེ་ནི་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱའོ། །ཤེལ་དཀར་གྱི་ཕྲེང་བ་ནམ་མཁའ་ལ་བསྒྱུར་བ་ལྟ་བུ་དེ་ནི་ནང་གི་རིག་པ་ཡེ་ཤེས་ཀྱི་རྩལ་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱའོ། །དེ་ཡང་རྩ་བརྟེན་པའི་འཁྱོགས་རླུང་ལ་བརྟེན་པས་གཡོ་བ་སོགས་ཀྱི་མཚན་ཉིད་དུ་སྣང་ལ། འདི་ནི་ཤེས་རབ་རང་བྱུང་གི་སྒྲོན་མའི་རྩལ་ཡང་ཡིན་ནོ། །དེ་ལྟར་གསལ་བ་དེ་དག་མི་སྡོད་པར་གཡོ་ཡང་དེའི་རྗེས་སུ་མིག་མི་འབྲང་བར་ཐད་ཀར་བཞག་པས་སླར་དེ་ཀ་ཤར་འོང་བའི་དབྱིངས་ཀྱི་རྭ་བར་རིག་པའི་གཟེར་བུ་བཅུག་སྟེ། རླུང་ཁ་ནས་འབྱིན་རྔུབ་དལ་བར་བྱ་ཞིང་བརྗོད་དུ་མེད་པའི་ཉམས་སྔར་ལྟར་ཡིད་ཆེས་ཁྱད་པར་བ་དང་ལྡན་པ་དེ་ཀའི་ངང་ལ་བཞག་པས་རྣལ་འབྱོར་པ་སོ་སོ་རང་གིས་རྟོགས་པར་བྱ་བའི་སྟོང་གསལ་བསམ་བརྗོད་ལས་འདས་པའི་ཡེ་ཤེས་མཐའ་དབུས་མེད་པར་ཤར་བ་ནི་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ། དེ་ལྟར་མ་ཤར་ཀྱང་སྒྲོན་མའི་དབྱེ་བ་སོ་སོར་ངེས་ཤིང་ལྷག་མཐོང་གི་རྩལ་འདྲ་མི་འདྲ་སྣ་ཚོགས་འཆར་བ་ཡང་ཤེས་རབ་རང་བྱུང་གི་སྒྲོན་མ་ཡིན་ནོ། །དེ་ལྟར་གོམས་པས་ཡེ་ཤེས་ཀྱི་རྩལ་རྫོགས་ནས་མ་དག་པའི་ཟག་ཕུང་གི་དྲི་མ་ཆོས་ཀྱི་དབྱིངས་སུ་སྦྱོང་པས་འཇམ་དཔལ་དང་ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱི་སྐུ་འགྲུབ་སྟེ། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་སོ། །དེ་ལ་དང་པོར་གོམས་པ་ན་རེ་ཞིག་འཇའ་ཐིག་གི་འཕེལ་ཆ་ཇེ་བཟང་དུ། རིག་པ་ཇེ་བརྟན་ལ་འགྲོ་ཞིང་དབྱིངས་རིག་སྨིན་ཕྲག་ནས་བྲལ་བ་ཞེས་ད་ལྟ་སྨིན་མའི་ཉེ་སྐོར་ལས་མི་འདའ་རྫི་མ་གང་དུ་བསྐྱོད་པའི་ལྟ་ཕྱོགས་དང་འབྲེལ་ཏེ་གཡོ་བ་ཁོ་ན་ལ་ནམ་ཞིག་དེ་ལས་འདས་ཏེ་དབྱིངས་རིག་རྒྱ་ཆེ་ཞིང་བརྟན་པས་གར་གཏད་པར་དལ་གྱིས་འདུག་པ་དང་། རྐྱེན་ཡང་དང་པོ་ཉི་མ་སྤྲིན་བྲལ་གོམས་ནས་ཟླ་འོད་དང་། མར་མེ་སོགས་ལ་བརྟེན་དུ་རུང་། བར་སྐབས་རྐྱེན་མེད་པ་དང་མ་བསྒོམ་པར་ཡང་འཆར་རོ། །རིག་པ་སྐུ་རུ་སྨིན་ནས་དང་པོ་གདན་ཙམ་ནས་མཐར་སྐུ་ཡོངས་རྫོགས་ཀྱི་བར་དུ་དང་། དེ་ནས་སྣང་ཚད་སྐུ་དང་ཡེ་ཤེས་སུ་འཆར་ཏེ། མ་བསྒོམས་ཀྱང་ངང་གིས་སངས་རྒྱས་ཏེ། ས་བརྒྱད་པ་བ་རྣམས་འབད་མེད་དུ་མྱང་འདས་སུ་འཇུག་པ་མི་ཆུས་ཁྱེར་བའི་དཔེ་ལྟར་གསུངས་པ་དང་གནད་གཅིག་གོ །མདོར་ན་ཟུང་འཇུག་གི་ཡེ་ཤེས་ལ་ཡིད་དཔྱོད་མིན་པར་མངོན་སུམ་ཡིད་ཆེས་མི་ཕྱེད་པའི་བདེན་པ་མཐོང་བའི་ཤེས་རབ་རང་བྱུང་གི་སྒྲོན་མའི་རྩལ་རྫོགས་ན། ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱ་སྟེ། མདོ་ལུགས་ས་དང་པོ་དང་འདྲ་བ་ལས་ཀྱང་སངས་རྒྱས་པ་ལ་ཉེ་བ་ཡིན་ཏེ། རྨིང་ལྟ་བུ་འདི་འབྱོང་ན་གོལ་འཕྱུགས་མེད་པར་སྣང་བ་ཕྱི་མ་གསུམ་རིམ་གྱིས་རྫོགས་པས་ན། འདི་མ་འབྱོང་བར་དུ་གེགས་སེལ་བོགས་འདོན་གྱི་རིམ་པ་དཔལ་ལྡན་བླ་མའི་ཞལ་ལས་ཤེས་པར་བྱའོ། །མངོན་སུམ་གྱི་ཡིད་ཆེས་ཁྱད་པར་འཕགས་པས་ཡིད་དཔྱོད་ཀྱི་ལྟ་བ་བསྣུབས་པའི་གདེང་ཁེལ་བ་ཕར་ཞོག །ཟུང་འཇུག་ལ་གོ་བ་བཟང་པོ་མ་ཆགས་བཞིན་དུ་འཇའ་ཐིག་མང་པོ་ངོ་འཕྲོད་ནས་བལྟ་བ་ཙམ་ལ་ཆོས་ཉིད་མངོན་སུམ་དུ་རློམ་པ་ནི་ཁྲོན་པའི་རུ་སྦལ་གྱི་དཔེ་དང་འདྲའོ། །དེས་ན་ལམ་གནད་དུ་སོང་བའི་རྟགས་རྗེས་ཐོབ་ཏུ་འཁོར་བར་འཆིང་བའི་རྩ་བ་ཉོན་མོངས་པ་རྣམས་ལམ་གྱི་སྤང་བྱ་ཡིན་པས་དེ་དག་རང་མཚན་པ་ཆུང་ངུར་སོང་བ་དང་། ལམ་གྱི་གྲོགས་དད་པ་སྙིང་རྗེ་ཤེས་རབ་རྣམས་ཆེས་ཆེར་འཕེལ་བ་དང་། འོད་གསལ་བསྒོམ་པའི་མཉམ་བཞག་ཏུ་འཇའ་ཐིག་རྣམས་རང་སྣང་དུ་ངོ་ཤེས་ཤིང་། དེ་ཡང་ཀ་དག་ལྷུན་གྲུབ་བདེན་པ་དབྱེར་མེད་ཀྱི་གནས་ལུགས་སུ་ངེས་ཤེས་ཁྱད་པར་ཅན་འདྲོངས་པས་འཁོར་འདས་གདར་ཤ་ནང་ནས་ཆོད་པས། ཇི་སྐད་དུ། དོན་ལ་ངེས་པའི་གདེང་ཐོབ་ན། །སེམས་ལས་ཆོས་གཏེར་འབུམ་ཕྲག་རྡོལ། །ཞེས་པ་ལྟར་རྒྱལ་བསྟན་རིན་པོ་ཆེ་ལ་ངེས་ཤེས་ཁྱད་པར་ཅན་རང་རྡོལ་ནས་འཆད་རྩོད་རྩོམ་པས་མཚོན་ཏེ། རང་གི་ཉམས་དང་མདོ་རྒྱུད་ཀྱི་དགོངས་པ་ཞུ་དག་ཕེར་ནས་རང་གི་ཡིད་ཆེས་པ་བདུད་ལས་རིང་དུ་འདས་པས་རྒྱལ་བའི་སྲས་ཀྱི་སྤྱོད་པ་བཟང་པོ་ཡར་ངོའི་ཟླ་བ་ལྟར་འཕེལ་བས་གཞན་ཡིད་ཆེས་པ་སྟེ། ཡིད་ཆེས་གཉིས་དང་ཚད་མ་གསུམ་གྱིས་གྲུབ་ཅིང་། གཞུང་ལས་སྣང་བཞིའི་རྟགས་ཇི་སྐད་བཤད་པ་ལྟར་མངོན་ན། འོད་གསལ་རྡོ་རྗེ་སྙིང་པོའི་རྣལ་འབྱོར་ལ་སླེབས་པ་འཇིག་རྟེན་ལྷ་དང་བཅས་པའི་ཅོད་པན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྒྱུ་འཕྲུལ་ཏེ། དེ་དག་གི་ཞབས་ཀྱི་རྡུལ་ཕྲ་རབ་ཀྱང་སྲིད་པ་གསུམ་ན་ཆེ་བའི་མཆོད་སྡོང་དུ་གྲུབ་པ་ཡིན་ནོ། །གལ་ཏེ་དེ་ལྟར་མདོ་རྒྱུད་ཀྱི་དགོངས་པ་དང་མི་མཐུན་པར་མངོན་ཤེས་དང་རྫུ་འཕྲུལ་ཕྲན་བུ་རེ་ཐོབ་ཀྱང་ཐར་འདོད་རྣམས་ཀྱིས་དཔྱད་པར་བྱའོ། །དེ་ལྟར་ཉམས་སུ་བླངས་པ་མཐར་སོན་པས་འཁྲུལ་སྣང་གི་རྐྱེན་ཟད་པར་སྤངས་ནས། གཡོ་བྱེད་ཀྱི་རླུང་ཡང་འགགས་ཏེ། ཡུལ་དང་ཡུལ་ཅན་དུ་སྣང་བ་མ་ལུས་པ་ཟད་དེ། ནང་དབྱིངས་གཞོན་ནུ་བུམ་པ་སྐུར་གཞི་ལས་འཕགས་པའི་གཞི་སྣང་ཟུང་འཇུག་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་པ་སྟེ། ཆོས་ཉིད་ཀྱི་དབྱིངས་སུ་ཆོས་ཅན་མཐའ་དག་ཟད་པ་ལ་ཆོས་ཉིད་ཟད་པར་ཞེས་པའི་བར་གྱི་ཐ་ཚིག་མི་མངོན་པའམ། ཡང་ན་ཟད་པ་ཞེས་རྫོགས་པ་མཐའ་དག་སྟེ། ཆོས་ཉིད་ཀྱི་དབྱིངས་འབའ་ཞིག་ཏུ་རྩལ་རྫོགས་པ་ལ་ཆོས་ཉིད་ཟད་པ་ཞེས་བྱའོ། །དེའི་ཚེ་གདོས་བཅས་ཀྱང་འོད་དུ་དེངས་ནས་ཟག་མེད་ཡེ་ཤེས་ཀྱི་སྐུ་མི་སློབ་པའི་ཟུང་འཇུག་ཆེན་པོ་བརྙེས་ནས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་། དཔག་བསམ་གྱི་ཤིང་ལྟར་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་འབད་མེད་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པ་ཡིན་ནོ། །རྗེས་དང་ཐུན་མཚམས་ཐམས་ཅད་དུ་ཡང་ཟུང་འཇུག་ཡེ་ཤེས་ཀྱི་རོལ་མོར་འཛོམ་པའི་ངང་ནས་དད་དང་སྙིང་རྗེ་ངེས་འབྱུང་བྱང་ཆུབ་ཀྱི་སེམས་དང་། བོགས་འདོན་མུན་པའི་རྣལ་འབྱོར་ལ་སོགས་པས་ལམ་མཆོག་གོལ་མེད་དུ་མཐར་དབྱུང་བའི་བརྩོན་འགྲུས་བརྩམ་པར་བྱའོ། །ཨེ་མ། གྲངས་མེད་རྒྱལ་བའི་ཆོས་ཚུལ་ཆུ་ཀླུང་འབུམ། །གཞོལ་ཞིང་འབབ་པའི་ཐེག་མཆོག་རིན་ཆེན་མཚོ། །རིག་འཛིན་ཀླུ་དབང་དུ་མས་ཉེར་བརྟེན་པ། །སྲིད་པའི་དབུལ་འཕོང་སེལ་བའི་བསྟི་གནས་ཡིན། །གང་ཞིག་ཆོས་ཚུལ་འདི་ལ་དད་པ་ཡང་། །བསྐལ་པ་བྱེ་བ་བརྒྱ་ཡི་གྲངས་སྙེད་ཀྱི། །ལེགས་བྱས་འབྲས་བཟང་སྨིན་པ་ཉིད་ཀྱི་ཕྱིར། །ཚུལ་བཞིན་སྤྱོད་པའི་བསོད་ནམས་ཇི་ལྟར་གཞལ། །དེ་ཕྱིར་འདི་དོན་ཅུང་ཟད་བརྗོད་པ་ཡང་། །ཟབ་མོའི་ཆོས་ལ་བག་ཆགས་བཞག་ཕྱིར་ཏེ། །བླ་མའི་དྲིན་གྱིས་སྤོབས་པ་འདི་སྐྱེས་པ། །མི་གཙང་འདམ་གྱི་ཁྲོད་ན་གསེར་བཟང་བཞིན། །དུས་གསུམ་རྒྱལ་བའི་དགོངས་པ་མ་ནོར་བ། །མཁའ་འགྲོའི་སྙིང་ལ་བཞག་པ་དྭངས་མའི་ཁྲག །དད་མེད་སྐལ་བ་དམན་པའི་རིགས་རྣམས་ལ། །སྙིང་གིས་ཀྱང་ནི་བླུས་ཏེ་སྦ་བར་རིགས། །འདི་བྱས་དགེ་བའི་དངོས་པོ་གང་མཆིས་པ། །དེ་ཡིས་འགྲོ་འདི་ཇི་སྲིད་འགྲོ་བ་ལ། །ཐེག་པའི་རྩེ་མོ་ཤིན་ཏུ་རྣལ་འབྱོར་གྱི། །ལམ་བཟང་མཚུངས་པ་མེད་པ་གསལ་གྱུར་ཅིག །ཅེས་དད་དམ་མི་འགྱུར་བ་ཀུན་བཟང་ནས་བླ་མའི་གསུང་རྒྱུན་གཙོར་བཟུང་བ་ཐོད་རྒལ་གྱི་ཉམས་ལེན་ཉུང་ངུར་བྲིས་ཞེས་བསྐུལ་ངོར་ཁྱབ་བདག་འཇམ་དཔལ་རྡོ་རྗེ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་ཞབས་རྡུལ་སྤྱི་བོས་རེག་པའི་སྐལ་བཟང་ཐོབ་པ་མ་ཏིས་བྲིས་པ་དགེའོ། །དགེའོ། །དགེའོ། །མངྒ་ལཾ།།


previousའོད་གསལ་ཐོད་རྒལ་གྱི་ཉམས་ལེན་ཉུང་ངུར་དྲིལ་བ་ཤིན་ཏུ་གཅེས་པའི་མན་ངག །ཀུན་མཁྱེན་མི་ཕམ་རྒྱ་མཚོ།next