ཡུལ་དམ་པ་རྣམས་ལ་གསོལ་འདེབས་འཕོ་བ།

༄༅། ཡུལ་དམ་པ་རྣམས་ལ་གསོལ་འདེབས་འཕོ་བ་ནི། ཨེ་མ་ཧོ། སྟོང་གསུམ་མི་མཇེད་ཞིང་གི་དཔལ་གྱུར་པའི། །འདྲེན་མཆོག་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་། །ཕྱོགས་བཅུའི་སངས་རྒྱས་ལུང་རྟོགས་དམ་པའི་ཆོས། །ཐེག་གསུམ་དགེ་འདུན་བཅས་ལ་གསོལ་བ་འདེབས། །གཏད་རབས་བདུན་དང་རིགས་ཅན་དྲྭ་མ་ལྔ། །རིག་འཛིན་བརྒྱད་དང་གྲུབ་ཆེན་བརྒྱད་ཅུ་བཞི། །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་སོགས། །འཕགས་ཡུལ་པཎ་གྲུབ་རྣམས་ལ་གསོལ་བ་འདེབས། །ཆོས་རྒྱལ་མེས་དབོན་སྐ་ཅོག་ཞང་གསུམ་དང་། །རྗེ་འབངས་ཉེར་ལྔ་འདུལ་འཛིན་སད་མི་བདུན། །དགེ་སློང་མི་ལྔ་ལོ་ཙཱ་བརྒྱ་རྩ་སོགས། །སྔ་འགྱུར་མཁས་གྲུབ་རྣམས་ལ་གསོལ་བ་འདེབས། །གནུབས་དང་སོ་ཟུར་ལ་སོགས་བསྟན་འཛིན་དང་། །མཆོག་གཉིས་གླིང་པ་བརྒྱད་སོགས་ཟབ་གཏེར་བདག །རིན་ཆེན་བཟང་པོ་རོང་ཟོམ་ཆོས་བཟང་སོགས། །བསྟན་པའི་སྲོལ་འབྱེད་རྣམས་ལ་གསོལ་བ་འདེབས། །ཐང་སྟོང་རྒྱལ་པོ་པཎ་ཆེན་པདྨ་དབང་། །གནམ་ལྕགས་མེ་འབར་ཤེས་རབ་འོད་ཟེར་དང་། །ས་ཆེན་ཡབ་སྲས་བུ་དོལ་ཙོང་ཁ་པ། །བསྟན་འཛིན་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །དམ་གཙང་བྱམས་གསུམ་ཀུན་བཟང་ཤེས་རབ་དང་། །བསྟན་པའི་རྒྱལ་མཚན་གཏེར་ཆེན་ཉི་མ་གྲགས། །ཆོས་ཀྱི་འབྱུང་གནས་མཆོག་སྤྲུལ་རྣམ་གསུམ་སོགས། སྐྱེས་ཆེན་རིམ་བྱོན་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བཏབ་ནུས་པས་དམིགས་ཡུལ་འདི། །འཇིགས་རུང་བར་དོའི་འཕྲང་ལས་བསྒྲལ་དུ་གསོལ། །བཟོད་དཀའ་ངན་སོང་གནས་ནས་དྲང་དུ་གསོལ། །བདེ་ཆེན་ཞིང་དུ་འདྲེན་པར་བྱིན་གྱིས་རློབས། །ཅེས་ཧིཀ་དང་ཕཊ་ཀྱི་སྒྲ་བརྗོད་དོ།།