གནོད་སྦྱིན་ཛཾ་ནག་སྒྲུབ་ཐབས་རིན་ཆེན་ཡིད་བཞིན་བསམ་འཕེལ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ གནོད་སྦྱིན་ཛཾ་ནག་སྒྲུབ་ཐབས་རིན་ཆེན་ཡིད་བཞིན་བསམ་འཕེལ་ཞེས་བྱ་བ་བཞུགས་སོ༔

བདེ་གཤེགས་རིན་ཆེན་མིང་ལ་འདུད༔ གནོད་སྦྱིན་བསྒྲུབ་པའི་མན་ངག་ནི༔ རིན་ཆེན་གཏེར་གྱི་བང་མཛོད་སྟོན༔ དམ་ཚིག་ལྡན་པས་དང་དུ་ལོངས༔ ས་མ་ཡཱ༔ ལག་ལེན་གནད་ཀྱི་སྦྱོར་བ་ནི༔ དབེན་ཞིང་ཉམས་དགའི་ས་ཕྱོགས་སུ༔ རྩི་ཤིང་ནགས་ཚལ་སྤུངས་པའི་རི༔ ལྷོ་ཆུ་རྒྱུན་ལྡན་འབབ་པའི་གམ༔ བསྟན་འགྲོའི་དབུལ་སེལ་རིན་ཆེན་མིང༔ གང་གི་སྒྱུ་འཕྲུལ་ཛཾ་ནག་པོའི༔ སྒྲུབ་པ་ཉམས་ལེན་མཆོད་སྦྱིན་བྱེད༔ རྣམ་མཁྱེན་སངས་རྒྱས་རྒྱུ་རུ་བསམ༔ དཀྱིལ་འཁོར་དབུས་སུ་ཛཾ་གཏོར་ནི༔ རིན་ཆེན་གསེར་སྣོད་སུམ་རིམ་སྟེང༔ རྒྱས་པའི་བྷ་ལིང་བརྗིད་ལྡན་སེར༔ ཉི་ཟླ་ནོར་བུའི་ཕྲ་ཚོམ་སྤྲས༔ མཐའ་ལ་སྐྱུ་གུ་ཟས་སྣ་བསགས༔ རིན་ཆེན་དར་ཟབ་འབྲུ་སྣ་དང༔ ཕོ་མོ་སྔགས་བཙུན་རྒྱལ་བློན་ཆས༔ ལོངས་སྤྱོད་དཀོར་གྱིས་རབ་རྔམ་བརྒྱན༔ གསང་བའི་བདག་པོའི་ཏིང་འཛིན་གྱིས༔ དམིགས་པ་ཡེང་མེད་གནད་ལྡན་པས༔ ཨེ་མ༔ མདུན་གྱི་དཀྱིལ་འཁོར་དབུས་ཀྱི་གཞལ་ཡས་སུ༔ པད་ཉི་གནོད་སྦྱིན་བསྣོལ་བའི་གདན་སྟེང་དུ༔ ཛཾ་ཡིག་བཻ་ཌཱུར་མདོག་ཅན་འོད་འབར་ལས༔ འོད་འཕྲོས་འཕགས་མཆོད་འགྲོ་བའི་དབུལ་བ་བསལ༔ ཚུར་འདུས་ཡོངས་གྱུར་ནོར་བདག་ཛཾ་བྷ་ལ༔ མཐིང་ཀ་ཞལ་གསུམ་ཕྱག་དྲུག་ཞབས་བཞིར་ལྡན༔ ཁྲོ་འཛུམ་ཆགས་པའི་ཉམས་དང་ལྡན་པའི་སྐུ༔ ཀླུ་རིགས་ལྔ་དང་རིན་ཆེན་རྒྱན་གྱིས་སྤྲས༔ གཡས་པའི་ཕྱག་གཉིས་རིན་ཆེན་ལྕགས་ཀྱུ་འཛིན༔ གཡོན་གཉིས་ནོར་བུའི་ཐོད་པ་ཞགས་པ་འཛིན༔ མཐའ་གཉིས་ནོར་སྐྱུག་ནེའུ་ལེ་རེ་རེ་བཙིར༔ སྐུ་ལ་རིན་ཆེན་སྣ་ཚོགས་ཆར་ལྟར་འབབ༔ གཟི་བརྗིད་རབ་རྒྱས་འོད་ཟེར་ཕུང་པོ་འབར༔ གནས་གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས༔ ཡེ་ཤེས་སྤྱན་དྲངས་དམ་ཚིག་པ་ལ་བསྟིམས༔ བཛྲ་ས་མ་ཡཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ནཱ་མ་ཡ་ཏི༔ ཧཱུྃ༔ གནོད་སྦྱིན་ཛཾ་ལྷ་ནག་པོ་འཁོར་བཅས་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་བཤོས༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འབུལ་ལོ་དགྱེས་བཞེས་ལོངས་སྤྱོད་མངའ་ཐང་སྩོལ༔ སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལྷ་ཡི་བདུད་རྩི་ཞལ་ཟས་རོ་བརྒྱའི་དཔྱིད༔ ཡན་ལག་བརྒྱད་ལྡན་འཆི་མེད་བདུད་རྩིའི་སྐྱེམས༔ རྩ་གསུམ་ནོར་ལྷ་འཁོར་དང་བཅས་ལ་འབུལ༔ དགྱེས་པར་བཞེས་ལ་འདོད་པའི་དངོས་གྲུབ་སྩོལ༔ བདེ་དགའ་རྒྱ་མཚོས་ཁྱོད་ཉིད་འཚོ་གྱུར་ཅིག༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ༔ ཨོཾ་ཨིནྟྲ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ༔ ཨོཾ་ཛཾ་ལུཾ་སྭཱ་ཧཱ༔ རེ་རེ་ལ་ཡང་བརྒྱ་སྟོང་རེ༔ བཟླ་བ་གནད་ལྡན་རྟགས་ལྡན་སྦྱོར༔ དངོས་གྲུབ་འཛད་མེད་གཏེར་འབྱུང་འགྱུར༔ རྟགས་ནི་རབ་འབྲིང་ཐ་གསུམ་ལས༔ རབ་ནི་ཛཾ་ལྷའི་ཞལ་དངོས་མཐོང༔ འབྲིང་ནི་སྒྲུབ་གཏོར་འོད་འབར་དང༔ ཟན་བཤོས་དག་ལ་སྙེ་མ་འཁྲུངས༔ བྱི་བས་འབྲུ་དང་རྫས་སོགས་སྤུངས༔ ཐ་མ་རྨི་ལམ་སྣང་བའི་ངོར༔ ཆེ་བཙན་འདུ་དང་དབུགས་དབྱུང་ཐོབ༔ རྒྱལ་སྲིད་ཁྲི་ལ་འདུག་པ་དང༔ སྙེ་མ་བསིལ་དང་འབྲུ་བདག་བྱེད༔ བུ་མོ་ནང་གཞུག་རྒྱན་མཛེས་པས༔ གྲོགས་བྱེད་ཆང་དང་འོ་ཞོ་སྟེར༔ རིན་ཆེན་གཏེར་ལ་དབང་བྱེད་རྨིས༔ ནོར་ལྷ་འགྲུབ་ལ་ཉེ་བའི་རྟགས༔ དེ་ཚེ་ཕྱྭ་གཡང་འགུགས་པ་དང༔ དངོས་གྲུབ་བསྐུལ་ཚིག་གལ་དང་བསྟུན༔ ས་མ་ཡཱ༔ ཨེ་མ་ཧོ༔ ལྷ་མིའི་སྟོན་པ་མཉམ་མེད་བུ་རམ་ཤིང༔ དུས་གསུམ་རྒྱལ་བ་སྲས་དང་སློབ་མར་བཅས༔ བདེན་གཉིས་ཟུང་འཇུག་བསྟན་པ་དམ་པའི་ཆོས༔ མདོ་སྔགས་ངེས་དོན་སྟོན་པའི་དཔེ་པོད་སོགས༔ ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་སྡེ༔ རབ་འབྲིང་ཐ་གསུམ་དབང་པོའི་དགེ་འདུན་དང༔ རྩ་གསུམ་ནོར་ལྷ་རྒྱ་མཚོའི་བདེན་པའི་སྟོབས༔ དཀོན་མཆོག་རིན་ཆེན་ཕྱྭ་གཡང་བདེ་ལེགས་སྩོལ༔ ཡི་དམ་རྒྱུད་སྡེ་བཞི་དྲུག་དངོས་གྲུབ་བདག༔ གནས་གསུམ་མཁའ་འགྲོས་ཕྱྭ་གཡང་བདེ་ལེགས་སྩོལ༔ མ་མགོན་ཆོས་སྐྱོང་ཕྱྭ་གཡང་བདེ་ལེགས་སྩོལ༔ ལྷ་དང་དྲང་སྲོང་ཕྱྭ་གཡང་བདེ་ལེགས་སྩོལ༔ རྒྱལ་ཆེན་སྡེ་བཞིས་ཕྱྭ་གཡང་བདེ་ལེགས་སྩོལ༔ དཀར་ཕྱོགས་ལྷ་ཀླུས་ཕྱྭ་གཡང་བདེ་ལེགས་སྩོལ༔ སྐུ་གསུམ་ཞིང་གི་ཕྱྭ་གཡང་བདེ་ལེགས་སྩོལ༔ ཁམས་གསུམ་སྲིད་གསུམ་ཕྱྭ་གཡང་བདེ་ལེགས་སྩོལ༔ ཚེ་དཔག་མེད་མགོན་ཚེ་ཡི་ཕྱྭ་གཡང་སྩོལ༔ བསྐལ་བཟང་སངས་རྒྱས་སྨོན་ལམ་ཕྱྭ་གཡང་ཁུག༔ བདེན་སྟོབས་མངའ་བ་རྣམས་ཀྱིས་ཕྱྭ་གཡང་ཁུག༔ གཡང་རི་རྒྱལ་བཞིན་དུ་བརྟན་གྱུར་ཅིག༔ གཡང་རྒྱ་མཚོ་བཞིན་དུ་འཁྱིལ་བར་ཤོག༔ གཡང་རྩི་ཤིང་བཞིན་དུ་རྒྱས་གྱུར་ཅིག༔ གཡང་འབྲུ་དྲུག་བཞིན་དུ་འཕེལ་གྱུར་ཅིག༔ གཡང་ལྷོ་སྤྲིན་བཞིན་དུ་འཐིབ་གྱུར་ཅིག༔ གཡང་ཉི་ཟླ་བཞིན་ཏུ་གསལ་གྱུར་ཅིག༔ གཡང་སྐར་ཚོགས་བཞིན་དུ་བཀྲ་གྱུར་ཅིག༔ མི་འུ་རིན་ཆེན་གཡང་གི་རྟེན༔ བཟའ་བཏུང་མང་པོ་གཡང་གི་རྟེན༔ ཕུན་ཚོགས་རིན་ཆེན་གཡང་གི་རྟེན༔ ལྷ་རྫས་ཡོ་བྱད་གཡང་གི་རྟེན༔ སྦྲ་ཁང་ར་བ་གཡང་གི་རྟེན༔ གཡང་རྣམས་གཅིག་ཀྱང་མ་ལུས་པ༔ གནས་འདིར་བརྟན་པར་མཛད་ནས་ཀྱང༔ འདོད་དགུའི་བསམ་པ་ཡིད་བཞིན་འགྲུབ༔ ཆོས་དང་མཐུན་པའི་དཔལ་སྩོལ་ཅིག༔ སྭ་སྟི་ཏིཥྛ་བཛྲ་ཕྱྭ་གཡང་བདེ་ལེགས་ཐམས་ཅད་བརྟན་གྱུར་ཅིག་སྭཱ་ཧཱ༔ ཞེས་གཡང་རྫས་མདའ་དར་སོགས་ལ་བརྟན་བཞུགས་མཛད་ནས་ལོངས་སྤྱོད་བདོག་དགུ་ཛཾ་བྷ་ལའི་བླ་རྡོར་འབུལ་ཞིང༔ དེ་ནས་བསྟོད་པ་ནི༔ ཧཱུྃ་ཧྲཱིཿ བདེ་གཤེགས་ཀུན་གྱི་གསུང་ལས་རབ་བསྐྲུན་ཅིང༔ ཐུགས་རྗེས་ཆགས་པའི་འོད་ཟེར་སྤྲོ་བསྡུ་འགྱེད༔ རྒྱས་པའི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ༔ ཕུན་ཚོགས་ཡིད་བཞིན་གཏེར་བདག་དེ་ལ་འདུད༔ ན་མོ༔ འཕགས་པ་ཛཾ་བྷ་ལ་ནག་པོ་འཁོར་དང་བཅས་པ་རྣམས་ཀྱིས་བདག་ཅག་འཁོར་དང་བཅས་པ་རྣམས་ལ་མི་ཟད་ལོངས་སྤྱོད་མཁོ་རྒུའི་གཏེར་དུ་སྩལ་བར་མཛད་དུ་གསོལ༔ སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་དབུལ་བའི་སྡུག་བསྔལ་བསལ་དུ་གསོལ༔ མཆོད་སྦྱིན་བཅད་པའི་རྣམ་པར་སྨིན་པས་བརྐམ་ཆགས་ཡི་དྭགས་ཀྱི་རྒྱུ་ཞི་བར་གྱུར་ཅིག༔ ཕུན་ཚོགས་ལོངས་སྤྱོད་ཀྱི་གཏེར་ལ་མངའ་དབང་བསྒྱུར་ནས་བདེ་གཤེགས་རིན་ཆེན་མིང་གི་རྒྱལ་སྲིད་ལ་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག་སྭཱ་ཧཱ༔ ཞེས་པའི་ཡིད་བཞིན་གཏེར་གྱི་མཛོད༔ ཛཾ་ལྷ་ནག་པོའི་སྒྲུབ་ཐབས་འདི༔ དུས་ཀྱི་གཏེར་ལ་མངའ་དབང་བསྒྱུར༔ རྣལ་འབྱོར་ཡེ་ཤེས་ཌཱཀྐིའི་གྲོགས༔ ཨ་ཙར་སྤྲུལ་པའི་དགོངས་ཀློང་ནས༔ ཚོམ་མེད་རི་མོ་ལམ་དུ་དྲངས༔ སྐལ་བ་ལྡན་པའི་ཆོས་ཀྱི་བདག༔ ངེས་ལེགས་སྤྲུལ་པའི་སྐུ་ལ་གདམས༔ ཉིད་ཀྱི་བཞུགས་གནས་གཙུག་ལག་ཏུ༔ ཙི་མ་ར་ཡི་མདུན་དྲུང་དེར༔ ཉམས་སྣང་བཟང་པོའི་བརྡ་སྣང་བས༔ ཡར་ཚེས་དུས་བཟང་ལེགས་པར་བྲིས༔ དགེ་དེས་བསྟན་འགྲོའི་དབུལ་བ་སེལ༔ བསྟན་འཛིན་ཚེ་བསོད་འབྱོར་དྲུག་རྒྱས༔ ཉམས་མེད་བདེ་ལེགས་འབྱུང་གྱུར་ཅིག༔ མངྒ་ལམ༔