གཅོད་བསྙོན་འཇིགས་མེད་སྐལ་བཟང་ལ་གདམས་པ།

༢༽ མཁྱེན་གཉིས་དཔལ་ཡོན་གྱི་གཏེར་མཛོད། །བྱམས་བརྩེའི་འོད་སྡོང་གི་ཟེར་ཡང་། །འཇིགས་མེད་རྒྱལ་ཀུན་གྱི་སྤྱི་གཟུགས། །ཕུན་ཚོགས་གླིང་བཞིའི་རྒྱན་མཆོག །མཛད་པ་མཐར་ཕྱིན་དེས་སྐྱོངས་ཤིག །ཉོན་ཅིག་ཐོས་བསམ་ལ་དོན་གཉེར། །རྣལ་འབྱོར་དཔྱོད་ལྡན་ཁྱོད་སེམས་དང་། །རང་རེ་སྟོན་འཁོར་ཀུན་འཛོམ་དུས། །གསང་སྔགས་འཆད་ཉན་ལ་འབུངས་དུས། །དགའ་སྐྱིད་ཡོད་པ་དེ་མ་ཚོར། །ད་ནི་ཚོང་དུས་ཀྱི་མི་བཞིན། །སོ་སོར་གྱེས་གྱུར་ཡང་འགྱོད་མེད། །དེ་དོན་གང་ཞེས་ན་རང་ཅག །ལྷན་ཅིག་སྡོད་དུས་སུ་སྡང་མེད། །སོ་སོར་བྲལ་གྱུར་ཡང་ཆགས་བྲལ། །དེ་ཕྱིར་རེ་དགོས་ལས་འདས་སོ། །དེ་ལྟ་ལགས་མེད་ཀྱང་ཉིད་ཀྱིས། །ཁུ་ཚིག་བྲག་ཆ་ལྟར་གྱུར་ན། །རངས་མིན་ལ་དགོས་ནས་འདི་བཞིན། །སྨྲ་བ་ཡིད་མཚོ་རུ་བསྟིམས་འཚལ། །གང་ཁྱོད་ད་ལོ་ཡི་སྐབས་འདིར། །དེ་གར་གཞན་དབང་དུ་ནས། །འགྲོ་སྡོད་བསྟན་པ་དང་བྲལ་ཡང་། །བར་ཆོད་འགལ་ཞིག་ནི་དེས་བཟློག །ད་ནི་རྐྱེན་ངན་ཚོགས་གྲོགས་དང་། །ལྟས་ངན་གཡང་འགུགས་ལ་བརྩོན་ན། །རིམ་བཞིན་ལུགས་ཟུང་དགེ་གོང་འཕེལ། །དེ་ཕྱིར་གཅོད་ཡུལ་ལ་འབུངས་མཛོད། །རྟེན་གསུམ་ཞིག་གསོ་ལ་བརྩོན་ན། །སྒོ་གསུམ་བར་ཆོད་ལས་གྲོལ་ཡོང་། །འོན་དང་བཟང་ངན་གྱི་རྐྱེན་དང་། །བཏང་སྙོམས་དགྲར་ལངས་ཀྱི་རྐྱེན་སོགས། རྐྱེན་མང་ངེས་མེད་ཀྱི་ཆོ་འཕྲུལ། །ངོམ་ན་རོ་སྙོམས་ཀྱིས་བཟློག་མཛོད། །བཟང་ངན་རྗེས་འབྲངས་ཀྱི་རྟོག་པ། །དུས་གསུམ་འཕྲོ་འདུས་རྒྱུན་ཆོད་ལ། །རྒྱུ་འབྲས་བླང་དོར་ལ་འབུངས་ཏྲ། །གཞན་ཡི་རྐྱེན་དབང་དུ་མི་འུར། །མཆོག་གསུམ་སྐྱབས་གནས་སུ་ཁུར་ལ། །བཀའ་གཏེར་བསྲུང་མའི་ཚོགས་སྤྱི་དང་། །ཁྱད་པར་ཀློང་སྙིང་གི་བསྲུང་མ། །དགོངས་བཙན་སྒེར་གསོལ་རུ་མཆོད་ན། །བྱ་བ་ལམ་རྒྱུག་ནི་འོང་ངོ་། །ཚིག་འདི་དགེ་བར་ནི་གྱུར་ཅིག །རྡོ་བླས་དེ་སྐད་ཅེས་སྨྲས་པས། །དགྲ་ཟླ་ཕམ་པར་རང་འགྱུར་རོ། །ཕ་ཅིག་རྡོ་རྗེས་འཆང་དབང་རིན་པོ་ཆེ་གཅོད་བསྙོན་འཇིགས་མེད་སྐལ་བཟང་ལ་རི་མོས་ལམ་ནས་གདམས་པ་ལགས་སོ། །