Nitartha Digital Library
Tibetan
སྡེ་གཞུང་རིན་པོ་ཆེའི་གསུང་འབུམ།

1 occurrence of འབེན་
[Clear Hits]


 expand section
 expand section
collapse section
  
  
བྱམས་པ་བློ་གྲོས་ཕུན་ཚོགས་ལ་གདམས་པ།
  
  
  
  
  
  
  
  
  
  
  
ཕྲིན་ཆོས་རང་ཡུལ་དུ་འབྱོན་སྐབས་ཞལ་གདམས་གནང་བ་བཞུགས་སོ། །རྗེ་རྫོགས་པའི་སངས་རྒྱས་མི་གཟུགས་ཅན། །སྐྱབས་བཀའ་དྲིན་མཚུངས་མེད་ཆོས་ཀྱི་རྗེ། །ཕ་འཇམ་མགོན་ངག་གི་དབང་པོ་ལ། །སྙིང་རུས་པའི་གཏིང་ནས་སྐྱབས་སུ་མཆི། །མགོན་དེ་ཡི་ཐུགས་ཀྱིས་རྗེས་སུ་བཟུང་། །སྒོས་དད་བརྩོན་ཤེས་རབ་མཆོག་མངའ་བ། །མི་བདག་ལ་བློ་གཏད་འཆའ་བ་ཡི། །གྲོགས་ཁྱོད་ཀྱི་ཐུགས་ལ་འདི་ལྟར་ཆོངས། །དུས་སྙིགས་མའི་སེམས་ཅན་བསོད་ནམས་ཆུང་། །ཆོས་རྣམ་དག་སྒྲུབ་པ་ཉིན་སྐར་ཙམ། །རྐྱེན་ངན་པའི་དབང་དུ་མི་འཆོར་བར། །གྲོགས་ཁྱེད་ཀྱིས་བློ་སྣ་བསྟུངས་པར་མཛོད། །གནས་མི་མེད་དབེན་པའི་རི་ཁྲོད་དུ། །སེམས་རྩེ་གཅིག་སྒྲུབ་ལ་གཞོལ་ནུས་ན། །དུས་ཧ་ཅང་ཡུནུ་རིང་མ་ཡིན་པར། །མི་ཁྱོད་ཀྱིས་བཙན་ས་ཟིན་སྙམ་བྱེད། །སྔོན་བྱོན་པའི་སྐྱེས་མཆོག་དེ་དག་གིས། །ཆོས་དང་པོ་རང་གིས་ཉམས་ལེན་མཛད། །རང་མི་འཆིང་གཞན་ལ་ཕན་པའི་ཚེ། །ཐུགས་བརྩེ་བས་འགྲོ་དོན་མཛད་པ་ལགས། །དོན་དེ་ཕྱིར་དམ་པ་གོང་མ་ཡིས། །ཆོས་བསླབ་གསུམ་བསྟན་པའི་སྲོག་བཟུང་ནས། །ཐུགས་བརྩེ་བས་སེམས་ཅན་མ་བོར་བས། །དོན་གཉིས་པོ་མཐའ་རུ་ཕྱིན་པ་མང་། །དཔལ་དོན་གྲུབ་གླིང་གི་དགོན་པ་རུ། །ཁོང་གྲུབ་ཆེན་ངག་དབང་བསམ་གཏན་དང་། །རྗེ་ཀུན་དགའ་དཔལ་འབྱོར་ལ་སོགས་པ། །ཉམས་རྟོགས་པའི་དབང་ཕྱུག་གྱུར་པ་ཡི། །མཁས་གྲུབ་ཀྱི་བླ་མ་མང་པོ་བྱོན། །ད་དམ་པ་གོང་མའི་རྣམ་ཐར་ལ། །ཡིད་འདུན་པ་རྩེ་གཅིག་གཏད་ནས་ནི། །དུས་ཕྱིར་བཤོལ་དབང་དུ་མི་འཆོར་བར། །ད་སྒྲུབ་པའི་རྒྱལ་མཚན་འཛུགས་རེ་རན། །རྗེ་བླ་མ་སངས་རྒྱས་དངོས་དང་མཇལ། །ཆོས་ཟབ་དགུའི་གདམས་པ་ཐོབ་དུས་འདིར། །ད་རང་གིས་ཉམས་ལེན་མ་མཛད་ན། །དུས་ཕྱིས་སུ་འགྱོད་པས་གདུངས་ཏེ་འཆི། །སྐྱབས་བླ་མ་དཀོན་མཆོག་གཙུག་ཏུ་ཁུར། །ཆོས་བྱང་ཆུབ་སེམས་ལ་བློ་སྦྱངས་ནས། །གནས་དབེན་པའི་རི་ཁྲོད་འཛིན་པ་ལ། །ཐུགས་སྤྲོ་བར་མཛོད་ཅིག་སྙིང་གི་བུ། །མི་བདག་གི་ཁ་ཕོ་མ་ཡིན་ཏེ། །ཕ་བླ་མའི་ལུང་བསྟན་ཁྱོད་ལ་ཡོད། །སེམས་གུས་པས་དང་དུ་བླངས་གྱུར་ན། །དོན་བསླུ་བ་མེད་པ་སྙིང་གཏམ་ཡིན། །སྤྲང་བདག་ནི་རྣམ་གཡེང་ལེ་ལོ་དང་། །སེམས་ཕྱིར་བཤོལ་དབང་དུ་སོང་ནས་ནི། །རྟེན་དལ་འབྱོར་དོན་མེད་ཤོལ་སོང་ཡང་། །ད་འགྱོད་ཀྱང་བྱ་ཐབས་བྲལ་ནས་འདུག །མི་ཁོ་བོས་གསར་རྙིང་རིས་མེད་ཀྱི། །མགོན་དགེ་བའི་བཤེས་གཉེས་བཅུ་ཕྲག་གཉིས། །ཚུལ་གུས་པས་བསྟེན་ནས་ཟབ་མོའི་ཆོས། །ཐོས་བསམ་ལ་བརྩོན་ཁུལ་བགྱིས་པས་ན། །ཚིག་སྨྲས་པ་འདི་ལ་ཕྱོགས་ལྷུང་དང་། །རང་འདོད་དང་བླུན་གཏམ་མ་མཆིས་པས། །དེ་ཐུགས་ལ་ཆོངས་ལ་དུས་མྱུར་དུ། །ད་སྒྲུབ་པའི་རྒྱལ་མཚན་འཛུགས་པར་འཛོད། །དུས་ནམ་ཞིག་སྒྲུབ་པ་མཐར་ཕྱིན་ནས། །བློ་མི་འཇིགས་གདེང་དྲོད་རྙེད་པའི་ཚེ། །ཁོང་རེ་ལྟོས་ཅན་གྱི་གདུལ་བྱ་ལ། །ཐུགས་བརྩེ་བས་ཆོས་ཀྱི་འཁོར་ལོ་བསྐོར། །དོན་དེ་བཞིན་ཁྱོད་ཀྱིས་མཛད་གྱུར་ན། །རྟེན་དལ་འབྱོར་དོན་ཡོད་འགྱུར་བ་དང་། །རྗེ་བླ་མའི་ཐུགས་དགོངས་རྫོགས་པ་ཞིག །དུས་མྱུར་དུ་འབྱུང་བའི་སྨོན་འདུན་ཞུ། །ད་སྐུ་ཚེ་སྒྲུབ་པ་མཐར་ཕྱིན་ནས། །ཚེ་འདི་ཕྱི་ཀུན་ཏུ་འཕྲད་པ་དང་། །ཆོས་བྱང་ཆུབ་སྙིང་པོ་མ་ཐོབ་བར། །ལར་འབྲལ་བ་མེད་པའི་སྨོན་འདུན་ཞུ།། །།དགེའོ།། །།
  
  
  
 
  
  
  
 expand section
  
  


1 occurrence of འབེན་
[Clear Hits]

 
previousབྱམས་པ་བློ་གྲོས་ཕུན་ཚོགས་ལ་གདམས་པ།next

བྱམས་པ་བློ་གྲོས་ཕུན་ཚོགས་ལ་གདམས་པ།

སྐྱེས་དང་སྦྱངས་པའི་བློ་གྲོས་མི་དམན་ཞིང་། །ཚུལ་ཁྲིམས་རྣམ་གསུམ་སྲོག་བས་གཅེས་པར་སྲུང་། །རྩེ་གཅིག་སྒྲུབ་ལ་གཞོལ་བའི་ནན་ཏན་ཅན། །སྙིང་དང་འདྲ་བའི་གྲོགས་ཁྱོད་ཡུད་ཙམ་དགོངས། །ཁྱོད་ཀྱིས་ན་བཟའ་སོགས་སྤོང་དག་མཛད་ནས་རྙེད་བཀུར་དང་དུ་མི་ལེན་པར། འདོད་ཡོན་ལ་རྒྱབ་ཀྱིས་ཕྱོགས་ཏེ་དཀའ་སྤྱད་དྲག་པོས་བྱང་ཆུབ་སྒྲུབ་པ་ནི་ངོ་མཚར་ཆེ། བདག་ཀྱང་རྗེས་སུ་ཡི་རང་། འོན་ཀྱང་ཁ་ཟས་དང་སྤྱོད་ལམ་ཧ་ཅང་དམ་ཆེ་ནས་གནང་བཀག་གི་དུས་ཚོད་མ་ཤེས་པར་འབྱུང་བ་སྙོམ་པའི་ཁ་ཟས་སྤངས་པས་ལུས་སྲོག་གི་བར་ཆད་དུ་གྱུར་ན་ཚུལ་ཁྲིམས་དཀའ་སྤྱད་ཀྱི་བདུད་ཟེར་བ་ཡིན། དེ་བཞིན་དུ་ལུས་ལ་ནད་ཞུགས་ཀྱང་གཉེན་པོ་ཟས་དང་སྨན་སོགས་མི་བསྟེན་པ་འདུག་ལ་བཟོད་པ་སྲན་ཚུགས་ཀྱི་བདུད་ཟེར་བ་ཡིན། དགེ་སྦྱོར་ཧ་ཅང་གྲིམ་ཆེས་པས་ཁམས་ཀྱིས་མ་ཐུབ་ནས་བློ་སུན་ཏེ་ཕྱིར་ལོག་བརྒྱབས་པ་ལ་བརྩོན་འགྲུས་ཐང་ཆད་ཀྱི་བདུད་ཟེར་བ་ཡིན་པས་ཉིད་ཀྱི་འཚོ་བ་ཧ་ཅང་ཞན་དུ་མ་འཇུག་ལགས། ཉིད་ཀྱི་ཐུགས་ལ་གཤིན་གསོན་གྱི་དད་རྫས་འདི་ཉེས་པ་ཤིན་ཏུ་ཆེ་བས་དེ་ཟ་བ་ལས་ཅུང་ཟད་ལྟོགས་ན་དགའ་དགོངས་པ་ཡིན་ཚོད་འདྲ་བས། གཤིན་ཟས་དེ་ཉིད་ཀྱིས་མ་གསོལ་ཀྱང་ཆོག་པར་འདུག །གཞན་གསོན་པོའི་སྐུ་རིམ་སོགས་ལ་འོང་བའི་ཆོས་མཐུན་གྱི་རྙེད་པ་ཅུང་ཟད་རེ་བླངས་ནས་ཆོས་སྒྲུབ་པའི་རྟེན་འཚོ་བ་དང་། ལུས་ཀྱི་སྲིད་འབུ་གསོ་བ་སོགས་ལ་དགོང་ནས་གསོལ་བཅས་ལེགས་པོ་རེ་མཛད་ན་དེ་ཙམ་སྐྲག་མི་དགོས་ཏེ། ཇི་སྐད་དུ། ལུས་འདི་དགྲ་དང་འདྲ་མོད་ཀྱི། །དེ་ལྟ་ནའང་དེ་བསྲུང་བྱ། །ཁྲིམས་ལྡན་ཡུན་རིང་འཚོ་བ་ནི། །དེ་ལས་བསོད་ནམས་ཆེན་པོ་འབྱུང་། །ཞེས་དང་། གཞན་ལས་ཀྱང་དེ་འདྲ་བ་མང་དུ་གསུངས་ཤིང་། ཐེག་དམན་ཉན་ཐོས་ཀྱི་ལུགས་ལ་མཐའ་གཉིས་སུ་མ་ལྷུང་བའི་ཟས་གོས་ཟེར་བ་ཡིན་པས་ཁ་ཟས་ཧ་ཅང་ཞན་ཆེ་ན་ངལ་ཞིང་དུབ་པའི་མཐར་ལྷུང་བ་ཡིན། ཐེག་ཆེན་ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་བསམ་པ་སེམས་བསྐྱེད་ཀྱིས་ཟིན་ན་འདོད་ཡོན་ལ་སྤྱད་ཀྱང་ཉེས་པ་མེད་པར་གསུངས་པས། ཁྱེད་དུས་རྒྱུན་དུ་མཚམས་བསྙེན་སྒྲུབ་ལ་བརྩོན་པ་ཞིག་གིས་ཐུགས་བསྐྱེད་དང་བསྔོ་བ་རེ་མཛད་ན་ཆོས་མཐུན་གྱི་ཁ་ཟས་ཙམ་ལ་རང་གཞན་གཉིས་ཀའི་ཚོགས་རྫོགས་པའི་མཐུན་རྐྱེན་དུ་འགྱུར་བ་ལས་དཀོར་སྒྲིབ་ཅུང་ཟད་ཀྱང་འབྱུང་དོན་མི་འདུག །ཁྱད་པར་དུ་གསང་ཆེན་རྡོ་རྗེ་ཐེག་པའི་ལུགས་ལ་ནི། འཇུག་པ་བདེ་བའི་རྣལ་འབྱོར་གྱིས། །གསང་སྔགས་རྒྱལ་པོ་ཚེ་འདིར་འགྲུབ། །ཅེས་ཟེར་བ་ཡིན་པས་སྒོ་གསུམ་རྡོ་རྗེ་གསུམ་དང་མི་འབྲལ་བར་སྣང་བ་དཀྱིལ་འཁོར་གྱི་འཁོར་ལོར་ཤེས་པའི་གདེང་ཞིག་ཡོད་ན་འདོད་ཡོན་ལ་ཇི་ལྟར་སྤྱད་ཀྱང་ཉེས་པ་མེད་པར་མ་ཟད་རྟོགས་པའི་བོགས་འདོན་དུ་འགྱུར་པ་ཡིན་མོད། དེ་གང་ཟག་རབ་ཀྱི་སྤྱོད་ཡུལ་ཡིན་པས་དེ་འདྲ་མི་ནུས་དགོངས་ན། ཉིད་ཀྱིས་ཁ་ཟས་ཀྱི་བྱ་བ་མཛད་པའི་དུས་ན། མཁའ་སྤྱོད་མའི་བླ་མཆོད་ནས་འབྱུང་བའི་ཁ་ཟས་ཀྱི་རྣལ་འབྱོར་དེའམ། གཞན་ཀྱེ་རྡོར་གྱི་རྣམ་བཤད་རྣམས་ན་ཁ་ཟས་ཀྱི་རྣལ་འབྱོར་རྒྱས་བསྡུས་དུ་མ་ཞིག་འདུག་པ་དེ་རྣམས་ལས་ཐུགས་ལ་གང་མོས་ཤིག་ལག་ལེན་ལ་འདེབས་པར་མཛོད་དང་། དེས་ཁ་ཟས་ཙམ་ལ་དཀོར་སྒྲིབ་མེད་པར་མ་ཟད་ཚོགས་རྫོགས་པའི་རྐྱེན་དུ་འགྱུར་བ་ནི་རྒྱལ་བའི་བཀའ་བླ་མའི་ལུང་ཟེར་བ་ཡིན་པས་དེ་ལ་ཐེ་ཚོམ་མཛད་མི་དགོས། འོ་ན་དཀོན་མཆོག་བརྩེགས་པའི་མདོ་ལས། ཐུབ་པས་དད་རྫས་ཟོས་པའི་ཉེས་པ་གསུངས་པ་ན་དེ་ལ་སྐྲག་ནས་དགེ་སློང་ལྔ་བརྒྱས་བསླབ་པ་ཕུལ་ཏེ། ཁྱིམ་པར་བབས་པ་ལ་སྟོན་པས་ལེགས་སོ་གནང་ནས་མ་འོངས་པ་ན་བྱམས་པའི་འཁོར་དུ་ལུང་བསྟན་པ་མིན་ནམ་ཞེ་ན། ཡིན་མོད་དེའི་དགོངས་གཞི་སྔོན་ཐུབ་པ་བཞུགས་པའི་དུས་ན་དགེ་འདུན་ཕལ་ཆེར་འཕགས་པའི་གང་ཟག་ཡིན་ཅིང་། སྦྱིན་བདག་རྣམས་ཀྱང་ལས་འཕྲོ་དང་སྐལ་པ་མི་དམན་པས་དད་གུས་ཤིན་ཏུ་ཆེ་བས་དེའི་དབང་གིས་གོས་ངུར་སྨྲིག་འཆང་བ་ཐམས་ཅད་ལ་འཕགས་པ་དངོས་ཀྱི་འདུ་ཤེས་ཀྱིས་བཀུར་སྟི་བྱེད་པ་ཡིན། དེས་ན་སོ་སྐྱེའི་དགེ་འདུན་ལ་འཕགས་པའི་གང་ཟག་ཏུ་བཟུང་ནས་ཡོན་ཕུལ་བ་ན་དེ་ཤེས་བཞིན་དུ་དང་དུ་བླང་བ་ལ་ཉེས་པ་འབྱུང་བའམ། སྦྱིན་བདག་ཁྱད་པར་ཅན་རྣམས་ཀྱིས་གཏན་གྱི་སྐྱབས་གནས་སུ་བཟུང་ནས་བཀུར་སྟི་བྱེད་པའི་ཡུལ་དེ་དག་ལ་འཇིགས་སྐྱོབ་དང་ལེགས་སྨོན་གྱི་ཚུལ་ཁྲིམས་ཙམ་ལས་མེད་པ་སོགས་ལ་དགོངས་སམ་སྙན་པ་དང་། དགོས་པ་ངེས་འབྱུང་གི་བསམ་པས་མ་ཟིན་པའི་ཚུལ་ཁྲིམས་ཙམ་མམ། ངག་ནུས་ཅུང་ཟད་རེ་ཡོད་པ་སོགས་ཡོན་ཏན་སྣ་རེ་དང་ལྡན་ཡང་དད་རྫས་བླང་དུ་མི་རུང་བར་གོ་བ་དང་། དེང་སང་གི་སྐྱེ་བོ་རང་རྒྱུད་ན་ལུང་རྟོགས་ཀྱི་ཡོན་ཏན་སྤུ་ཙམ་མེད་ཅིང་། ཤའི་ཚོ་རྗིད་དང་ཐུད་ཀྱི་སྲབ་མཐུག་ལ་ཐུགས་དམ་བྱེད་པ། ནོར་རྫས་ཀྱི་ཆེད་དུ་སྤྱང་ཀི་ཟས་ཚོལ་དུ་ཞུགས་པ་ལྟར་རྒྱུ་བ་རྣམས་ཀྱིས། གཤིན་གསོན་གྱི་དད་རྫས་བག་མེད་དུ་སྤྱོད་པ་དགག་པའི་དོན་དུ་འཕགས་པའི་གང་ཟག་རྣམས་ཀྱིས་ཚུལ་བསྟན་དེ་འདྲ་ཞིག་གནང་བ་ཡིན་ནམ་སྙམ་སྟེ། གལ་ཏེ་མིན་ན་སོ་སྐྱེའི་དགེ་འདུན་ཡོན་གནས་སུ་མི་འགྱུར་ཞིང་། དེར་མ་ཟད་སྐུ་ཚེ་གཅིག་ལ་དགེ་སློང་གི་བསླབ་བྱ་ཕྲ་རགས་ཐམས་ཅད་ཚུལ་བཞིན་དུ་སྲུང་བའི་ཕན་ཡོན་ལས། ཆོས་མཐུན་གྱི་བསོད་སྙོམས་ཙམ་བཞེས་པའི་ཉེས་པ་ཆེ་ན། དགེ་སློང་གི་རྟེན་བྱང་ཆུབ་སྒྲུབ་པའི་སྐལ་བ་མེད་པར་འགྱུར་ཏེ། དགེ་སློང་གིས་གསོག་འཇོག་བྱེད་མི་ཆོག་པས་རང་ལ་ནི་ཟ་རྒྱུ་མེད། གཞན་གྱི་ཟས་ནི་བླང་དུ་མི་རུང་ཞིང་འདོད་ཁམས་པ་ཡིན་པས་ཟས་གཏན་ནས་མེད་ན་འཚོ་མི་ནུས་པའི་ཕྱིར་རོ། །དེས་ན་དགེ་རྩ་ཡོངས་སུ་སྦྱོང་བའི་མདོ་ལས། ལྡན་དང་གྲོལ་ལ་ང་ཡིས་གནང་བ་སྟེ། །ཞེས་ཚུལ་ཁྲིམས་དང་ལྡན་པས་དད་རྫས་བླང་དུ་རུང་བར་གསུངས་ཤིང་། གཞན་ཡང་། སློབ་པ་བྱིན་པ་སྤྱོད་པ་སྟེ། །མི་སློབ་པར་ནི་བདག་པོར་སྤྱོད། །ལྷག་མ་ལེ་ལོས་བཅོམ་པ་ཡི། །བདག་ཉིད་རྣམས་ནི་བུ་ལོན་སྤྱོད། །བསམ་གཏན་ཀློག་དང་ལྡན་པ་ནི། །རྗེས་གནང་སྤྱོད་པས་ཉེས་པ་མེད་། །ཅེས་ཀློག་སྤོང་གི་ལས་ལ་བརྩོན་ན་སྟོན་པས་རྗེས་སུ་གནང་བ་ཡིན་པས་ཉེས་པ་མེད་པར་གསུངས་ལ། ལར་སྟོན་པའི་རྗེས་འཇུག་རྣམས་ཀྱིས་ཐུབ་པའི་སྔོན་གྱི་སྐྱེས་རབས་དང་ཆ་མཐུན་པ་ཞིག་དགོས་ལ་སྔོན་གྱི་སྐྱེས་རབས་ཕལ་ཆེར་ན་རྙེད་བཀུར་དང་འདོད་ཡོན་ལ་རྒྱབ་ཀྱིས་ཕྱོགས་ནས་དབེན་པར་བསམ་གཏན་ལ་གཞོལ་བར་མཛད་པ་ནི་དུ་མ་ཞིག་འདུག་ཀྱང་། དབེན་པར་བཞུགས་པའི་དུས་ན་ཆོས་མཐུན་གྱི་རྙེད་པ་རེ་འབུལ་མཁན་བྱུང་ཚེ་ཁོང་གི་ཆོས་ཀྱི་མཐུན་རྐྱེན་དང་། ཕ་རོལ་པོའི་ཚོགས་རྫོགས་པའི་རྐྱེན་དུ་འགྱུར་བ་ལས། དཀོར་སྒྲིབ་ལ་སྐྲག་ནས་མ་བཞེས་པ་མི་དྲན་པས། ཨ་ཙ་རས་རྟ་ཞོན་པ་ལྟ་བུའི་དགེ་སྦྱོར་དེ་བར་ཆད་དུ་འགྲོ་ཉེན་ཆེ་བས་ཧ་ཅང་གུ་དོག་མ་མཛད་རོགས་སྐུ་ཚེ་རིང་། འཚོ་བ་ཞན་པའི་སྟོབས་ཀྱིས་ལུས་ཀྱི་འབྱུང་ཁམས་རྒུད་ནས་ནད་གཞི་ཆེན་པོ་རེའི་རྒྱུར་ཨེ་འགྱུར་གོ་དཀའ་བས། དེ་ལུགས་མཛོད། འོ་ན་རྗེ་བཙུན་མི་ལ་དང་། གྲུབ་ཐོབ་མེ་ལོང་རྡོ་རྗེ་སོགས་ཀྱིས་དཀའ་སྤྱད་མཛད་པ་མ་མཐོང་ངམ་ཞེ་ན། མཐོང་མོད་ཁོང་རྣམས་སྲིད་པ་ཐ་མ་པ་ཡིན་པས་གཞན་དང་མི་འདྲ། ཁ་ཟས་མེད་རུང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ལུས་འཚོ་ནུས་པ་ཡིན། དེར་མ་ཟད་རྗེ་མི་ལས་ཀྱང་། བྲག་ལ་སྒོམ་པའི་སྒོམ་པའི་སྒོམ་ཆེན་དང་། །འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །འཚང་མཉམ་པོར་རྒྱ་བའི་རྟེན་འབྲེལ་ཡོད། །རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན། །ཞེས་ཡོན་མཆོད་གཉིས་ཀ་ལ་ཕན་པར་གསུངས་ཀྱི་གནོད་པར་མ་གསུངས་སོ། །ལར་ཁྱེད་ཀྱི་ཐུགས་ལ་ཟས་ནོར་ཅུང་ཟད་རེ་ཕུལ་ཚེ་དེ་ལ་སྒྲོལ་མ་དང་སྐྱབས་འགྲོ་སོགས་མང་པོ་རེ་བཏོན་ཡོད་གསུངས་ནས་དམིགས་ཀྱིས་བཀར་ཏེ་བསྔོ་བ་དང་སྨོན་ལམ་མཛད་པ་དེ། ཁྱེད་ཀྱི་ཐུགས་དུས་རྒྱུན་དུ་ཞལ་འདོན་མཛད་པ་དེ་རང་གི་སྒྲིབ་སྦྱོང་ཡིན་དགོངས་ནས་ཤིན་ཏུ་སྨར་ཞིང་། སྐབས་སྐབས་སུ་གཞན་གྱི་སྐུ་རིམ་མཛད་པ་ལ་གཞན་གྱི་ཆེད་ཡིན་གསུངས་ཅུང་ཟད་ལོད་པའི་སྣང་བ་ཞིག་ཨེ་འདུག་ལགས། ཡོད་ན་ཐུགས་རྒྱ་ཅུང་ཟད་ཆུང་བ་ཡིན་ཏེ། སེམས་བསྐྱེད་ལེགས་པོ་ཞིག་ཡོད་ནས་བཟུང་། རྒྱུན་དུ་གྲོང་ཆོག་སོགས་ལ་བྱོན་ཀྱང་རང་གི་སྒྲིབ་སྦྱོང་དུ་འགྲོ་བ་དང་། རྩེ་གཅིག་ཏུ་སྒྲུབ་པ་ལ་གཞོལ་ཡང་གཞན་དོན་ཁོ་ན་ཞིག་དགོས་པ་ཁྱེད་ཀྱིས་ལོས་མཁྱེན་། དེས་ན་བདག་མེད་ཀྱི་གནས་ལུགས་མངོན་སུམ་དུ་མ་རྟོགས་ཀྱི་བར་དུ་རང་དོན་གྱི་འཁྲི་བ་ཅུང་ཟད་ཙམ་མི་འབྱུང་བ་དཀའ་རུང་། འདི་ངའི་ཡིན་དེ་གཞན་གྱི་ཡིན་ཟེར་ནས་ནོར་རྫས་བགོ་བ་ལྟར་མི་མཛད་པར། དགེ་བ་གང་བསྒྲུབས་བློས་ལིང་གིས་བཏང་སྟེ། དམིགས་ཡུལ་གྱིས་ཐོག་དྲངས་པའི་སེམས་ཅན་སྤྱི་ལ་བསྔོ་སྨོན་རེ་མཛད་ནས་རང་དོན་གྱི་ཞེན་པ་ཅི་ཆོད་ད་ལྟ་ནས་མཛད་དགོས་པ་མ་ཡིན་ནམ། ལམ་མཐུན་རྐྱེན་རེ་འབུལ་མཁན་བྱུང་ཚེ། ཨ་ལ་རེ་དགའ་སེམས་ཅན་འདི་དང་ངེད་གཉིས་ལ་ཆོས་མཐུན་གྱི་འབྲེལ་བ་ལེགས་པོ་ཞིག་ཞོག་བྱུང་། མ་འོངས་པ་ངས་འདིའི་དོན་བྱེད་པར་ནུས་སོ་སྙམ་པ་དེ། སངས་རྒྱས་ཐོབ་པར་འདོད་རྣམས་ལ་ངེས་པར་དགོས་ཏེ། ཚོགས་རྫོགས། ཞིང་སྦྱངས། གདུལ་བྱ་སྨིན་པར་བྱས་ནས་སངས་རྒྱས་དགོས་པའི་ཕྱིར་རོ། །ད་དུང་ཞུ་རྒྱུ་མང་པོ་ཞིག་འདུག་རུང་། ཡི་གེས་འཇིགས་པས་དེ་ཙམ་ལས་མ་སྤྲོས་སོ། །འདིར་སྨྲས་པ། སྡོམ་པ་གསུམ་ལ་སྲུང་སྡོམ་མ་ནུས་ཤིང་། །ཟབ་མོའི་ལམ་ལ་ཉམས་ལེན་མི་བྱེད་པར། །རྒྱུན་དུ་བག་མེད་སྤྱོད་པས་དུས་འདའ་བ། །བདག་ལས་སྐལ་པ་ངན་པ་སུ་ཞིག་ཡོད། །དེས་ན་སླད་ཚའི་རྡུལ་མང་སྤུངས་པ་ལ། །ཡིད་དང་མཐུན་པའི་དྲི་ཞིམ་མེད་པ་ལྟར། །སྐྱོན་བརྒྱ་ཚང་བའི་སྐྱེ་བོ་བདག་འདྲ་ལས། །ལེགས་བཤད་འབྱུང་བ་ཤིན་ཏུ་དཀའ་ན་ཡང་། །རང་གཞན་གྲུབ་མཐའ་རྒྱ་མཚོའི་མཐར་སོན་པ། །སྨྲ་བའི་དབང་པོ་གཞན་ཕན་ཆོས་རྗེ་ལས། །ཟབ་རྒྱས་གཞུང་མང་ཡང་ཡང་ཐོས་པའི་ཕྱིར། །གོ་ཡུལ་ཙམ་དུ་བླང་དོར་ཕྱོགས་ཙམ་ཤེས། །དེས་ན་ཁྱོད་ལ་གསོལ་བའི་དོན་དེ་ཀུན། །རང་ལ་ཉམས་མྱོང་མེད་པའི་བཤད་ཡམ་ཙམ། །ལགས་མོད་ཡིད་ཆེས་ལུང་དང་མི་འགལ་བས། །ཤེས་མེད་བླུན་པོའི་ཁ་ཏ་ལྟ་བུ་མིན། །སྣ་ཚོགས་སྤྱོད་ངན་རྒྱན་དུ་འཛིན་པ་ཡི། །མ་རབས་སྐྱེ་བོ་བདག་འདྲའི་ཁ་སྒོ་ལས། །ཐོན་པའི་ཚིག་ཀྱང་བླ་མའི་བཀའ་བཞིན་དུ། །ཉིད་ཀྱི་ཐུགས་ལ་ཅིས་ཀྱང་བཅག་པར་ཞུ། །ལེགས་བཤད་ཡིན་ན་བྱིས་པའི་ངག་ལས་ཀྱང་། །བླང་འོས་ཡིན་ཞེས་མཁས་རྣམས་གསུངས་པའི་ཕྱིར། །རྨོངས་པ་བདག་གིས་འཆལ་གཏམ་སྒྲོགས་པ་ཡང་། །ཆོས་དང་མཐུན་ན་ཁྱེད་ཀྱིས་ལེན་པར་རིགས། །འདི་ན་ཀུན་གྱིས་སྨད་པའི་མུ་ཏོ་བས། །རྒྱལ་པོའི་སྲས་ལ་བསླབ་བྱ་སྟོན་པ་ལྟར། །བདག་འདྲས་ཁྱེད་ལ་གདམས་ངག་སྦྱིན་པ་ནི། །གཞན་གྱིས་ཁྲེལ་བར་འགྱུར་བའི་གནས་ཡིན་མོད། །རིང་ནས་མཐུན་པར་འགྲོགས་པའི་ཆོས་ཀྱི་གྲོགས། །ཚེ་འདིའི་སྤུན་ལས་ལྷག་པའི་བརྩེ་གདུང་ཅན། །ཁྱོད་དང་བདག་གཉིས་ཤིན་ཏུ་སྙིང་ཉེ་བས། །ཇི་ལྟར་སྨྲས་ཀྱང་སྐྱོན་དུ་འགྱུར་བ་མིན། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །བར་དུ་བརྩོན་པས་ཚོགས་གཉིས་ལེགས་བསྒྲུབ་ནས། །ཐ་མར་མངོན་སངས་རྒྱས་བའི་ཚུལ་འདི་ནི། །རྒྱལ་བའི་སྲས་པོ་སྤྱི་ཡི་རྣམ་ཐར་ཡིན། །དང་པོར་ཟླ་བ་དུ་མར་བསྙེན་སྒྲུབ་མཛད། །བར་དུ་རྒྱུན་ཆད་མེད་པར་དཀོར་ལ་འབྱམ། །ཐ་མར་གཉེན་གྱི་ཆད་པའི་མཐའ་ལྷུང་བ། །གྲོང་ཆོག་མཁན་པོའི་རྣམ་ཐར་གཟིགས་ལགས་སམ། །དང་པོར་དཀའ་བ་སྤྱད་དེ་ཟ་ཆོག་བསླབས། །བར་དུ་བརྫུན་དང་ཚོང་གི་འཁོར་ལོ་བསྐོར། །ཐ་མར་སྐྱོང་བྱེད་རྒན་པོའི་ཚུལ་འཛིན་པའི། །ཨ་ཁུའི་དལ་འབྱོར་དོན་ཡོད་མ་བྱས་སོ། །དང་པོར་བླ་མ་བསྟེན་ནས་ཐོས་པ་བཙལ། །བར་དུ་མཆོག་དམན་ཀུན་ལ་སྐུར་པ་བཏབ། །ཐ་མར་ཐམས་ཅད་དགྲ་རུ་ལྡང་བ་འདི། །ད་ལྟའི་ཐོས་བསམ་བྱས་པའི་ལག་རྗེས་རེད། །སུམ་རྩེན་གནས་སུ་རྒྱུ་བའི་ལྷའི་བུ་དག །རྩུབ་འགྱུར་ཚལ་དུ་ཞུགས་པ་ཇི་བཞིན་དུ། །ཇི་ཙམ་མཁས་པའི་གཞུང་ལ་སྦྱངས་པ་རྣམས། །དེ་ཙམ་གདུག་རྩུབ་ཆེ་བ་དུས་ཀྱི་སྐྱོན། །གང་ཞིག་སོལ་བའི་ཕུང་པོ་བརྟེན་པའི་མི། །དེ་དག་དེ་ཡི་རྡུལ་གྱིས་གོས་པ་བཞིན། །ལོག་ལྟས་བསླད་པའི་སྐྱེ་བོ་གདུག་པ་ཅན། །བརྟེན་པ་དེ་དག་དེ་ཡི་རྗེས་སུ་འགྲོ། །དགྲ་བཅོམ་མཐུ་ལྡན་གཞན་གྱི་རྫུ་འཕྲུལ་གྱིས། །གཞན་དག་འཆི་མེད་ལམ་དུ་འགྲོ་བ་བཞིན། །ཆོས་མཐུན་སྐྱེས་བུ་མཆོག་དང་འགྲོགས་པ་ལས། །འགའ་ཞིག་ཆོས་ཀྱི་འབྱོར་བས་ཕྱུག་པར་གྱུར། །གཙང་མའི་ཟས་ཀྱིས་འཚོ་བའི་ལྷ་རྣམས་ནི། །མི་གཙང་དངོས་པོ་ཆུང་ཡང་སྤོང་པར་བྱེད། །དེ་བཞིན་རྣམ་དཀར་སྒྲུབ་པའི་དམ་པ་རྣམས། །ཉེས་པ་ཆུང་ཡང་དུག་བཞིན་འཛེམ་པར་མཛད། །མི་གཙང་ཟས་སུ་ཟ་བའི་ཕག་པ་རྣམས། །དེ་ལ་སྐྱོན་དུ་ལྟ་བ་མེད་པ་ལྟར། །དཀོར་ནག་ལན་ཚྭའི་རྒྱ་མཚོར་བྱིང་བ་འགའ། །ད་དུང་དཀོར་ཆུས་ངོམས་པར་མ་གྱུར་ཏོ། །བསྟན་པའི་སྒོར་ཞུགས་བསྟན་པ་བཤིག་ལ་བརྩོན། །ཆོས་གཏམ་བྱེད་བཞིན་ཆོས་མིན་སྤྱོད་པས་གཡེངས། །རང་གཤིས་ངན་པས་རང་གཞན་ཕུང་ལ་སྦྱོར། །བདག་དང་བདག་འདྲའི་གནས་སྐབས་དེ་འདྲར་གྱུར། །དེ་སླད་དུས་མཐའི་སྐྱེ་བོ་ཕལ་མོ་ཆེའི། སྤྱོད་པ་ཆོས་དང་མཐུན་པར་མ་མཐོང་བས། །སྙིང་ནས་ཆོས་ལ་མོས་པའི་སྡོམ་བརྩོན་ཁྱེད། ཤིན་ཏུ་སྐལ་པ་བཟང་པོ་ལེགས་སོ་ཨང་། །གྲོགས་མཆོག་ཁྱེད་ཀྱིས་ཚེ་འདི་བློས་བཏང་ནས། །རྩེ་གཅིག་སྒྲུབས་ལ་བརྩོན་པར་མཛད་དགོངས་ན། །མན་ངག་གནད་ཀྱི་ཟིན་པའི་དམ་ཆོས་ཤིག །དགོས་ཀྱི་དགའ་སྤྱོད་ཁོ་ནས་གྲོལ་བ་མིན། །སྟོན་པ་མཆོག་ལ་སྐྱབས་སུ་མི་འཛིན་ཅིང་། །བསྟན་པ་འདི་ལས་ཕྱི་རོལ་གྱུར་པ་ཡི། །དཀའ་ཐུབ་ཁོ་ནས་གྲོལ་བར་འདོད་པ་དག །ཞི་བའི་ལམ་དང་མཐུན་པར་མ་གཟིགས་ནས། །ལྷ་མིའི་རྣམ་འདྲེན་ཤཱཀྱའི་སྲས་དེ་ཡིས། །ལོ་དྲུག་དཀའ་བ་སྤྱད་པའི་ཐབས་མཁས་ཀྱིས། །ཉམ་ངའི་ལམ་དུ་གོལ་བའི་མུ་སྟེགས་བྱེད། །ཕལ་ཆེར་ཡང་དག་ལམ་ལ་བཀོད་ཅེས་ཐོས། །ཐབས་མཁས་འཇུག་བདེ་རྒྱལ་སྲས་ལམ་བཟང་ནས། །བདེ་མཆོག་ཆོས་སྐུའི་རྒྱལ་སར་གཤེགས་པའི་ཕྱིར། །བདེ་བར་གཤེགས་ཞེས་བགྱི་བ་ལགས་པས་ན། །ཉིད་ཀྱང་བདེ་ནས་བདེ་བར་འབྱོན་པར་ཞུ། །སྙིང་དང་འདྲ་བའི་སྡོམ་བརྩོན་ཁྱོད་ཉིད་ལ། །སྙིང་ནས་གུས་པའི་སེམས་ཀྱིས་ལེགས་བསྐུལ་ནས། །སྙིང་གཏམ་ཡི་གེར་བྲིས་ཏེ་ཕུལ་བ་འདི། །སྙིང་གི་དཀྱིལ་དུ་སྦ་བར་མཛད་དུ་གསོལ། །གཞན་ཡང་སླད་མའི་སྐྱེ་བ་ཐམས་ཅད་དུ། །ཁྱོད་དང་བདག་གཉིས་ནམ་ཡང་མི་འབྲལ་ཞིང་། །ཕན་ཚུན་དམ་ཆོས་སྒྲུབ་པའི་གྲོགས་གྱུར་ཏེ། །བསྟན་དང་འགྲོ་བའི་དོན་ཆེན་འགྲུབ་པར་ཤོག། །།ཅེས་པ་འདི་ནི་སྡོམ་བརྩོན་དམ་པ་བྱམས་པ་བློ་གྲོས་ཕུན་ཚོགས་ལ་སྡེ་གཞུང་སྤྲུལ་མིང་ཀུན་དགའ་རྒྱལ་མཚན་གྱིས་ནང་ཞུས་ཀྱི་ཚུལ་དུ་སྤྲིང་བའོ། །དགེའོ།། །།


previousབྱམས་པ་བློ་གྲོས་ཕུན་ཚོགས་ལ་གདམས་པ།next