བརྟག་པ་གཉིས་པ། བཅུ་གཉིས་པ་རྫོགས་པའི་ལེའུ།

ལེའུ་འདི་ནས་དབང་བཞིའི་ཚིགས་སུ་བཅད་པ་དང་། མཁའ་གསང་བྱིན་གྱིས་བརླབ་པ་བསྟན་ཏེ། གཞི་ཤེས་བྱེད་ཀྱི་ཐབས་དབང་དང་། ལམ་གྱི་རིམ་པ་ལ་ཡང་དེ་ཁོ་ན་རྟོགས་པའི་དོན་དུ་མཁའ་གསང་བྱིན་གྱིས་བརླབ་པ་འདི་དགོས་པས་དེ་འཆད་དོ། །འདི་ལ་གསུམ་ལས། མཚམས་སྦྱར་བ་དང་། གཞུང་དང་། ཡོངས་སུ་རྫོགས་པར་བསྟན་པའོ། །དང་པོ་ནི་ཚིག་གཉིས་ཏེ། ལྷན་སྐྱེས་བསྟན་པ་དེ་ནས་རྡོ་རྗེ་ཅན་གྱིས་དབང་བཞིའི་ཚིགས་སུ་བཅད་པ་བཀའ་སྩལ་པའོ། །གཞུང་ལ་གཉིས་ལས། དབང་གི་ཚིགས་བཅད་དང་། མཁའ་གསང་བྱིན་བརླབས་སོ། །དང་པོ་ལ་བཞི་ལས། རྡོ་རྗེ་སློབ་དཔོན་གྱི་བུམ་པའི་དབང་བསྐུར་བའི་དུས་ཀྱི་ཚིགས་སུ་བཅད་པ་བསྟན་པ་ནི། རྡོ་རྗེ་རབ་གནས་ཞེས་པ་སྟོང་པ་ཉིད་ཀྱི་རྡོ་རྗེ། ཤེས་རབ་ཀྱི་རང་བཞིན་གྱི་དྲིལ་བུ་རབ་ཏུ་བཟུང་བ་ལས་རྡོ་རྗེ་སློབ་དཔོན་དུ་འགྱུར་ཏེ། དེས་ནི་སེམས་ཅན་གྱི་དོན་བྱེད་པ་ལ་དབང་བར་འགྱུར་རོ། །གསང་དབང་སྦྱིན་པའི་ཚིགས་སུ་བཅད་པ་ནི། ཅི་ལྟར་འདས་པའི་སངས་རྒྱས་རྣམས་ཀྱིས་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་དབང་བསྐུར་བ་བཞིན་དུ། འདིར་ཡང་གསང་བའི་དབང་གིས་སེམས་དཀར་དམར་གྱི་རྟོག་པ་གཅོད་པའི་དབང་བསྐུར་བའོ། །ཤེས་རབ་ཡེ་ཤེས་ཀྱི་སྐབས་སུ་ཕྱག་རྒྱ་གཏད་པའི་ཚིགས་སུ་བཅད་པ་ནི། ལྷ་མོ་ཞེས་པ་དགའ་བའི་ཡེ་ཤེས་སྦྱིན་པར་བྱེད་པའི་གནས་རྟོགས་མ་རྟོགས་ཀྱི་བྱེ་བྲག་གིས། འཆིང་བ་དང་གྲོལ་བ་སྣང་བས་སྣ་ཚོགས་གཟུགས་ཅན་ཡིད་དུ་འོང་བ་ཁྱེར་ལ་བདེ་བ་ཆེན་པོའི་མཆོད་པ་གྱིས་ཞེས་པའོ། །བཞི་པའི་དབང་གི་ཚིགས་སུ་བཅད་པ་ནི། ཡེ་ཤེས་ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དོན་འདི་ནི་ཤིན་དུ་ཕྲ་བ། རྡོ་རྗེ་ནི་སྟོང་པ་ཉིད་ནམ་མཁའི་དཀྱིལ་ལྟ་བུ། རྣམ་པར་རྟོག་པའི་རྡུལ་དང་བྲལ་བ། སྲིད་པའི་མཐར་བྱེད་ཅིང་། ཞི་བའི་ལམ་གཞན་ལ་སྟོན་པར་བྱེད་པ། ཁྱོད་རང་ཡང་དེའི་ཕ་ནི་དེའི་བདག་ཉིད་དུ་འགྱུར་ཞེས་པའོ། །མཁའ་གསང་བྱིན་གྱིས་བརླབ་པ་ལ་གཉིས་ལས། བྱིན་གྱིས་བརླབ་པ་དངོས་ནི། བསྐྱེད་པའི་རིམ་པའི་སྐབས་སུ་བསྟན་པ་ལྟ་བུར་བྱིན་གྱིས་བརླབས་ལ། སྔགས་ཀྱི་དོན་ནི། ཨོཾ་ནི་ངེས་པ་ཁོ་ན། པད་མ་ནི་པད་མ་དང་ཆོས་མཚུངས་པ། སུ་ཀ་དྷ་ར་ནི་བདེ་བ་འཛིན་པ། མ་ཧཱ་ར་ག་ནི་འདོད་ཆགས་ཆེན་པོ། སུ་ཁྂ་དྷ་ད་ནི་བདེ་བ་སྟེར་བ། ཙ་ཏུ་ར་ཨ་ནན་ཏ་ནི་དགའ་བ་བཞི། བྷ་གི་ཤ་དོན་བྱེད་པའམ་སྣ་ཚོགས། ཨོཾ་གསུམ་ནི་སྐུ་གསུང་ཐུགས། ཀ་རྻ་མ་ཀུ་རུ་ཤྭ་མེ་ནི་བདག་གི་བྱ་བ་མཛོད་ཅིག་པའོ། །བཛྭ་མ་ཧཱ་དྷ་ཤ་ནི་ཞེ་སྡང་ཆེན་པོའི་རྡོ་རྗེ། ཙ་ཏུ་ར་ཨ་ནན་ཏ་ཡ་ཀ་ནི་སྔ་མ་བཞིན་ནོ། །ཁ་ཁ་མུ་ཁཱེ་ནི་ནམ་མཁའི་སྒོ་སྟེ་རྩ་བྱ་རོག་གི་གདོང་པ་ཅན་ནོ། །ཀ་ར་སོ་ན་ཋ་ནི། བྱ་བ་རྟོགས་པའོ། །ཧཱུྃ་ཧཱུྃ་ཧཱུྃ་ཀ་རྻྂ་ཀུ་རུ་ཤྭ་མེ་ནི་སྔ་མ་བཞིན་ནོ། །གཉིས་པ་ཡི་གེ་རབ་མཆོག་གིས་བཟུང་བའི་དོན་ནི། བྷོ་ལའི་སྤྱི་བོར་ནི་ཨོཾ་གྱི་རྣམ་པས་བུག་པ་བཀག་པ། སྙིང་ཀར་ནི་ཧཱུྃ་སྔོན་པོའི་རྣམ་པ། པད་མའི་ཟེ་འབྲུ་ལ་ནི་ཨའི་རྣཾ་པ་སྟེ་འདི་རྣམས་ནི་བྱང་ཆུབ་ཀྱི་སེམས་ཀྱི་མན་ངག་གོ །སྐུ་གསུང་ཐུགས་བྱིན་བརླབས་དང་གཏོར་མའི་སྔགས་ནི་སྔར་བསྟན་པ་ཡིན་ནོ། །ཡོངས་སུ་རྫོགས་པར་བསྟན་པ་ནི། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དགྱེས་པའི་རྡོ་རྗེ་ལས་བདག་མེད་མས་ཞུས་པ་གཙོ་ཆེ་བར་མཛད་ནས་སྒྱུ་མའི་བརྟག་པ་ཞེས་བྱ་བ། བརྟག་པ་སུམ་ཅུ་སོ་གཉིས་པ་ལས་ཕྱུང་བ་ནི། དོན་ཐམས་ཅད་ཉེ་བར་བསྡུས་པ། བརྟག་པ་གཉིས་ཀྱི་བདག་ཉིད་དུ་བསྟན་པ། རྒྱུད་ཐམས་ཅད་ཀྱི་ནང་ནས། ཟབ་པ་ལས་ཀྱང་ཆེས་ཟབ་པ་གཞི་ལམ་འབྲས་གསུམ་གྱི་དགྱེས་པའི་རྡོ་རྗེ་མཁའ་འགྲོ་མ་དྲ་བའི་སྡོམ་པ་ལས་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྣམ་པར་བཤད་པ་དྲང་བ་དང་ངེས་པའི་དོན་གསལ་བར་བྱེད་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་རྫོགས་སོ།། །།

དཔལ་ལྡན་རྒྱུད་རྒྱལ་རྒྱུད་ཀྱི་སྙིང་པོ་གསལ་བར་རྣམ་འགྲེལ་མཛད་པ་གང་། །སྤྱན་རས་གཟིགས་སོགས་བྱང་ཆུབ་སེམས་དཔས་རྣམ་པར་བཤད་པ་པད་མོའི་གཉེན། ལེགས་བཤད་འོད་འཕྲོ་བློའི་མུན་པ་སེལ་མཛད་མཚུངས་མེད་མཆོག་རྣམས་དང་། །མཁས་ཤིང་གྲུབ་པ་རྡོ་རྗེ་འཆང་དབང་རྣལ་འབྱོར་གཟུགས་སུ་སྟོན་མཛད་པ། །དེ་ཉིད་མཐུ་ཐོབ་བླ་མ་དེ་ཡིས་རྣམ་འགྲེལ་མཛད་པ་ཆུ་གཏེར་དབྱིངས། །ཆ་ཤས་ལས་བྱུང་ཡན་ལག་བརྒྱད་ལྡན་གངས་ཅན་རྒྱུད་འདིར་ཅུང་ཟད་འཕྲོ། །རྒྱུད་སྡེ་རྒྱ་མཚོའི་དབུས་ན་སྐྱེས་བཞིན་ཐོགས་པ་མེད་པའི་བློ་མངའ་བ། །བླ་མ་དེ་དང་རིན་ཆེན་འབྱུང་གནས་རབ་ཏུ་ཞི་བའི་ཐུགས་ལྡན་དང་། །རྣལ་འབྱོར་དབང་ཕྱུག་མཁས་གྲུབ་མཆོག་རྣམས་ཐེག་ཆེན་རྒྱ་མཚོའི་དོན་གཟིགས་ཤིང་། །ཕ་རོལ་སོན་གྱུར་རྣམ་བཤད་མཐུ་ཡིས་འདིར་ནི་རྒྱུད་དོན་གསལ་བར་རྙེད། །རང་དགའ་སྤངས་ཏེ་དྲང་དོན་ངེས་དོན་བླ་མའི་མཐུ་ཡིས་བཤད་པ་གང་། །སྒྲིབ་བྱེད་སྤྲིན་བྲལ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་འདིར་བརྗོད་དོ། །དེ་ལྟར་རྒྱུད་ཀྱི་རྒྱལ་པོ་འདི། །སྤས་པའི་དོན་རྣམས་རབ་ཕྱེ་ཞིང་། །མཁས་གྲུབ་རྣམས་ཀྱི་རྣམ་འགྲེལ་ལྟར། རྣམ་པར་བཤད་ལ་སྐྱོན་ཡོད་མིན། །དེ་ལས་བྱུང་བའི་བསོད་ནམས་དག །ཅུང་ཟད་མཐུ་ནི་ཅི་ཡོད་པས། །འགྲོ་ཀུན་ལྷན་ཅིག་སྐྱེས་པའི་དོན། །དྲི་མེད་མངོན་པར་གསལ་འགྱུར་ཅིག །ཐེ་ཚོམ་བློ་ནི་སྤངས་གྱུར་ཅིང་། མཐའ་དྲུག་འཆིང་བ་རབ་བཅད་ནས། །རྡོ་རྗེའི་ཐེག་པ་གསལ་སྟོན་པའི། །རྣམ་བཤད་རྙེད་པར་དཀའ་བ་ཡིན། །དེས་ན་བློ་གྲོས་གསལ་ལྡན་ཞིང་། །རང་གཞན་དོན་གཉིས་ཐོབ་འདོད་པས། །རྒྱལ་བའི་དགོངས་པ་དྲི་མེད་ལ། །ནན་ཏན་གྱིས་ནི་འཇུག་པར་མཛོད། །བསོད་ནམས་དཔལ་འབྱོར་རྒྱ་མཚོའི་དབུས་སྐྱེས་པའི། །དལ་འབྱོར་ལྷུན་པོ་ཡོན་ཏན་ཚོགས་ཀྱིས་མཛེས། སྐྱེ་འགྲོའི་ལྷ་ཚོགས་དུ་མ་རབ་བརྟེན་པ། །ཐ་ཧཱུའི་ཐུགས་དགོངས་རྣམ་པར་དཀར་བ་ཡིས། །ལས་འབྲས་སྟོན་པའི་དྲན་པ་ཉེར་བཞག་ནི། །སྟོང་ཕྲག་གཅིག་ལྷག་ཧོར་གྱི་ཡི་གེར་བཏབ། །འདི་ཡི་སྒྲ་བསྒྱུར་ཤེས་རབ་རིན་ཆེན་ཡིན། རྣལ་འབྱོར་བླ་ན་མེད་པ་ཐམས་ཅད་ཀྱི། །ཚུལ་ཁྲིམས་དམ་ཚིག་གསལ་བར་སྟོན་པ་དང་། །ངེས་དོན་ཕྱི་ནང་གཞན་གསུམ་ཡེ་ཤེས་སུ། །གསལ་བར་སྟོན་པའི་ནང་དོན་རྩ་འགྲེལ་དང་། །དགྱེས་པའི་རྡོ་རྗེ་རྣམ་པར་འགྲེལ་བ་རྣམས། །བརྒྱ་ཕྲག་ལྔ་ལྷག་པར་དུ་བསྒྲུབ་བྱས་ནས། །བཤེས་གཉེན་དོན་གཉེར་ཀུན་ལ་ཕུལ་བ་ཡིས། །རྒྱལ་བའི་བསྟན་པ་ཡུན་དུ་གནས་པ་དང་། །བླ་མེད་སངས་རྒྱས་མྱུར་དུ་ཐོབ་ཕྱིར་རོ། །གནས་སྐབས་སུ་ཡང་བསོད་ནམས་མཐུ་ཆེན་ལས། །མི་དབང་ཐའི་ཧཱུ་ཤེ་གཞིན་བརྒྱུད་པར་བཅས། །སྐུ་ཚེ་རིང་ཞིང་ཆབ་སྲིད་བརྟན་གྱུར་ཅིག །འདི་ཡི་གྲོག་བྱེད་དང་ཆུ་ནུ་ཇིང་དང་། །ཡིག་མཁན་པར་གྱི་བཟོ་བོ་མཁས་རྣམས་དང་། ཧོར་ཡིག་བྲི་བར་བྱེད་པའི་ས་ཏི་མིས། །ཞུ་དག་བྱེད་པའི་སེང་གེ་རྒྱལ་མཚན་སོགས། །ཡིག་མཁན་སེང་གེ་འབུམ་གྱིས་དག་པར་བྲིས། །ཐམས་ཅད་མཁྱེན་པའི་གོང་འཕང་ཐོབ་པར་ཤོག །ཁྱི་ལོ་ཟླ་བ་བཞི་པ་ལ་ཏའི་ཏུའི་མཆོད་རྟེན་སྔོན་པོའི་སྡེར་གྲུབ་པར་བྱས་སོ། །འདི་བསྐུལ་བྱེད་མི་ལོ་ཙཱ་བ་སེང་གེ་ཡིན། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །དྲང་ངེས་དོན་གསལ་འགྲེལ་པ་དྲི་མེད་འདི། །བླ་མའི་གསུང་རྟེན་དབེན་གནས་འདུང་ཕུག་དུ། །རང་བཟོའི་མེད་ཅིང་རྡོ་སྙིང་ནཱ་རོ་པ། །ལ་སོགས་འགྲེལ་པ་རྣམས་རྟེན་དག་པར་བཅོས། །དགེ་འདིས་འགྲོ་རྣམས་ཧེ་རུ་ཀ་ཐོབ་ཤོག །ཆོས་རྗེ་རིན་པོ་ཆེའི་ཕྱག་དཔེའོ།། །།