ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བཞུགས་ཚུལ་མདོར་བསྟན་པ།དོན་ལྔ་པ་སེམས་ཅན་གྱི་ཁམས་ལ་གདོད་མའི་སངས་རྒྱས་ཇི་ལྟར་བཞུགས་པ་བསྟན་པ་ནི། ཐལ་འགྱུར་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །དེ་ཉིད་(༩༨)ཡེ་ཤེས་ཆེན་པོ་ཉིད། །ཐམས་ཅད་ལུས་ལ་རྣམ་པར་གནས། །ཞེས་པ་དང་། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །ལུས་གནས་ལུས་ལ་མ་སྐྱེས་པའོ། །ཞེས་པ་དང་། སམ་བྷུ་ཊི་ལས། རང་ལུས་རྡོ་རྗེ་སངས་རྒྱས་ཉིད། །རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་ནས་སངས་རྒྱས་བསྟན་དུ་མེད། །ཅེས་པ་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་འགྲོ་བ་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་པ་དང་། ཀློང་གསལ་ལས། ཐོག་མའི་རིག་རྩལ་ཡེ་ཤེས་ལྔ། །མ་རིག་འཁྲུལ་པས་འབྱུང་བར་གྲུབ། །དེས་ན་ལུས་འདི་སངས་རྒྱས་དངོས། །ཡེ་ཤེས་ཆེན་པོའི་འབྱུང་གནས་ཉིད། །ལུས་ཅན་ཀུན་ལ་བཟང་ངན་མེད། །བདེ་གཤེགས་ངོ་བོས་འགྲོ་ཀུན་ལ། །ཏིལ་ལ་མར་གྱིས་ཁྱབ་བཞིན་གནས། །མ་རིག་གྲོལ་ཚེ་འབྱུང་བའི་ལུས། །ལྷག་མེད་ཡེ་ཤེས་ངང་དུ་ལྡོག །ཅེས་གསུངས་པའི་ཚུལ་གྱིས་གདོད་མའི་མགོན་པོ་འོད་མི་འགྱུར་བ་ལུས་ཅན་ཀུན་གྱི་སྙིང་གི་ནང་ན་བཞུགས་པའི་ཚུལ་ངེས་པར་བྱ་བ་ལ་དོན་རྣམ་པ་གསུམ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བཞུགས་ཚུལ་མདོར་བསྟན། སེམས་དང་ཡེ་ཤེས་ཀྱི་དབྱེ་བས་བཞུགས་ཚུལ་རྒྱས་པར་བཤད། དེ་ཉིད་འཁོར་འདས་ཀྱི་རྟེན་བྱེད་ཚུལ་གྱིས་དོན་བསྡུ་བའོ། ། དང་པོ་ནི་མུ་ཏིག་ཕྲེང་བ་ལས། གནས་ལུགས་རྣམ་པ་མང་བཤད་ཀྱང་། །ཡེ་ཤེས་རྣམ་པ་གསུམ་ཡིན་ནོ། །ཞེས་པ་དང་། སྒྲོན་མ་རྣམ་བཀོད་ལས། སེམས་ཅན་ཀུན་གྱི་སྙིང་ནང་ན། །གདོད་མའི་མགོན་པོ་འོད་མི་འགྱུར། །སྐུ་གསུམ་ཡེ་ཤེས་གསུམ་ཉིད་དོ། །ཡེ་ནས་ལྷུན་གྱིས་གྲུབ་པར་གནས། །ཞེས་པས། དེ་ཡང་སྙིང་གི་ནང་ན་ཀུན་རྫོབ་རྒྱུའི་ཐིག་ལེ་ཉུང་འབྲུ་ཙམ་གྱིས་རྟེན་བྱས་ཏེ། གདོད་མའི་མགོན་པོ་འོད་མི་འགྱུར་བ་ངོ་བོ་ཡེ་ནས་སྟོང་པ་ཀ་དག་ཆོས་ཀྱི་སྐུའི་ངང་ལ་རང་བཞིན་འོད་དུ་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་ཀྱི་ཟེར་གདངས་དང་བཅས་པའི་སྦུབས་ན། ཐུགས་རྗེ་རིག་པའི་སྙིང་པོ་ཅན་སྤྲུལ་པའི་སྐུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལས། རྣམ་པ་ཐམས་ཅད་མཁྱེན་པའི་འཕྲོ་གཞིར་མ་འགགས་པའི་འཆར་གཞི། གཞི་གནས་ཀྱི་ཡེ་ཤེས་སྲོག་ཏུ་གྱུར་པའི་རླུང་ཡན་ལག་བཞི་དང་ཤེས་རབ་ལྔའི་(༩༩)རྟེན་དུ་གྱུར་པ་བུམ་ནང་གི་མར་མེ་ལྟར་གནས་པའི་མདངས་ལས་སེམས་དང་འོད་གསལ་གྱི་སྣང་བ་སྣ་ཚོགས་སུ་སྣང་བ་དེ། ཀློང་གསལ་ལས། རིག་པའི་རྩལ་ལས་ཡེ་ཤེས་གསུམ། །ངོ་བོ་སྟོང་པའི་ཡེ་ཤེས་དང་། །རང་བཞིན་གསལ་བའི་ཡེ་ཤེས་དང་། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་སོ། །ཞེས་པ་དང་། ཕྲ་བཀོད་ལས། ཡེ་ཤེས་རང་ངོར་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །ཞེས་པས། དེ་ཡང་སྙིང་ག་ན་ཡེ་ཤེས་གནས་པའི་གདངས་དུང་ཁང་ན་གསལ་ཞིང་། དེ་གཉིས་ཀའི་ཟེར་གདངས་རྩ་རྣམས་ཀྱི་ནང་ན་ཐིག་ལེ་སྒྲོན་མའི་ཚུལ་གྱི་ལུ་གུ་རྒྱུད་ཀྱི་རྣམ་པར་གནས་སོ། ། |