བྱམས་པ་བློ་གྲོས་ཕུན་ཚོགས་ལ་གདམས་པ་གསུམ་པ།

གང་ཞིག་བརྟེན་ན་དགེ་ལེགས་ཀུན་སྩོལ་ཞིང་། །དྲན་པས་སྲིད་ཞིའི་འཇིགས་པ་སེལ་མཛད་པ། །ཆོས་ཀྱི་རྒྱལ་པོ་དཔལ་མགོན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཀྱེ་ལགས་གང་གི་འདྲེན་བྱེད་སྒྲིབ་པའི་དྲི། །སྦྱོང་བའི་ཐབས་ཚུལ་ཟབ་མོ་སྣ་ཚོགས་ལ། །མྱུར་དུ་འབད་པའི་བརྩོན་པ་མ་མཛད་ན། །བླང་དོར་སྣང་བའི་སྐབས་འདི་ཉམས་ཀྱིས་དོགས། །ལྷག་བསམ་མཆོག་དང་ལྡན་པའི་སྐྱེས་བུ་ལ། །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་བཙལ་བས། །བསམ་དོན་ཐོག་ཏུ་ཁེལ་བ་དཀའ་ཞེས་ཐོས། །དེས་ན་བར་ཆད་སྲུང་བའི་ཐབས་ལ་འབད། །སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་མཆོག །སྤྱི་བོར་བསྒོམས་ཤིང་དད་པའི་གདུང་ཤུགས་ཀྱིས། །ཡང་ཡང་སྙིང་ནས་གསོལ་བ་འདེབས་ནུས་ན། །བསམ་པའི་དོན་ཀུན་མི་འགྲུབ་མི་སྲིད་དོ། །སྡུག་བསྔལ་རང་བཞིན་འཁོར་བའི་མཚན་ཉིད་ཤེས། །མི་རྟག་ནམ་འཆི་ཆ་མེད་སྙིང་ནས་དྲན། །དཀར་ནག་ལས་འབྲས་བསླུ་བ་མེད་མཐོང་ནས། །རྙེད་དཀའི་ལུས་འདི་དོན་བཅས་མཛད་པར་རིགས། །འཇིགས་དད་སྙིང་རྗེའི་རྒྱུ་ཡིས་བསྐུལ་བྱས་ཏེ། །དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་འགྲོ་ཞིང་། །བྱམས་དང་སྙིང་རྗེའི་ཤུགས་ཀྱིས་དྲངས་པ་ཡི། །བྱང་ཆུབ་སེམས་མཆོག་ལམ་གྱི་སྙིང་པོར་ཟུངས། །མཐོང་ཐོས་ཉལ་བས་གྲོལ་བའི་འུད་ཆེན་གྱིས། །ཐབས་ཤེས་ཡ་བྲལ་གྱུར་པའི་ཉམས་ལེན་ལ། །བསྐལ་བརྒྱར་བརྩོན་ལས་ངེས་འབྱུང་བྱང་ཆུབ་སེམས། །ཐུན་གཅིག་བསྒོམ་པ་མཆོག་ཏུ་བདག་གིས་སེམས། །བརྩོན་པས་དུས་རིང་སྒྲུབ་ལ་གཞོལ་གྱུར་ཀྱང་། །གལ་ཏེ་ཆོས་ཀྱི་གནད་རྣམས་འཆུགས་གྱུར་ན། །རྒྱལ་བ་དགྱེས་པའི་ལམ་ལས་རིང་དུ་འགྱུར། །དེ་ཕྱིར་གནད་ཀྱིས་ཟིན་པའི་དམ་ཆོས་གཅེས། །དེ་ཡང་ངེས་འབྱུང་ཆོས་ཀྱི་རྩ་བ་སྟེ། །འདི་བྲལ་ཆོས་དེ་སྲིད་པའི་རྒྱུ་རུ་ངེས། །སྐྱབས་སུ་འགྲོ་བ་ཆོས་ཀྱི་རྟེན་གཞི་སྟེ། །མེད་ན་སངས་རྒྱས་པ་ཡི་ཆོས་ལུགས་མིན། །བྱང་ཆུབ་སེམས་མཆོག་ཆོས་ཀྱི་སྙིང་པོ་སྟེ། །འདི་མེད་གཞན་གྱིས་བྱང་ཆུབ་ཇི་ལྟར་ཐོབ། །རྣམ་དག་བསྔོ་བ་ཆོས་ཀྱི་སྲུང་མ་སྟེ། །མེད་ན་དགེ་རྩ་རྐྱེན་གྱིས་འཇོམས་པར་འགྱུར། །དེ་བས་འདི་འདྲའི་ཚུལ་ལ་དགོངས་ནས་ནི། །ཆོས་ཀྱི་གནད་རྣམས་འཕྱུག་པ་མེད་པར་མཛོད། །རྒྱལ་བསྟན་སྣང་བྱེད་ནུབ་རིའི་ཕྲག་པར་ཐོན། །ཆོས་མཛད་སྐྱེས་བུ་ཉིན་སྐར་ཙམ་དུ་བས། །མི་སྲུན་སྐྱེ་བོས་ཕྱོགས་ཀུན་ཁྱབ་གྱུར་ཅིང་། །ཆོས་མཐུན་ཟས་གོས་འབྱོར་པས་ཕོངས་དུས་འདིར། །སྔོན་གྱི་ཐུབ་པ་དག་གི་བརྟུལ་ཞུགས་བཞིན། །དབེན་པའི་གནས་སུ་གྱི་ནའི་ཟས་གོས་ཀྱིས། །ཡུན་རིང་འཚོ་བའི་དཀའ་ཐུབ་བྱེད་པ་ནི། །ད་ལྟའི་སྐྱེ་བོས་ནུས་པ་མ་ལགས་པས། །མི་ཚེ་དཀོར་ལ་འབྱམ་པའི་བླ་མ་དང་། །སྐྱོང་བྱེད་ཚུལ་དུ་བཞུགས་པའི་བན་ཆུང་གིས། །རྣམ་ཐར་བོར་ནས་མཐའ་གཉིས་སྤངས་པ་ཡི། །ཐབས་མཁས་སྤྱོད་པས་སྐུ་ཚེ་དོན་ཡོད་མཛོད། །གནས་སྐབས་ལྷན་དུ་སྐྱེས་པའི་གཉེན་རྣམས་ལ། །ཧ་ཅང་བརྩེ་བའི་ཕྲེང་ཐག་དམ་པ་ན། །རྣམ་དག་དམ་ཆོས་སྒྲུབ་པའི་གེགས་ཡིན་ཞེས། །ཆོས་བཞིན་མཛད་པའི་དམ་པ་སྔ་མས་གསུངས་། །རང་ལ་གནོད་ཅིང་གཞན་ལ་མི་ཕན་པས། །ད་ལྟ་གཉེན་རྣམས་སྐྱོང་བའི་དུས་མ་ལགས། །སྐྱིད་སྡུག་སྣ་ཚོགས་སྔོན་ལས་བཙན་པོས་བྱས་། །འདི་ལ་གཞན་གྱིས་བཅོས་སུ་ཇི་ལྟར་ཡོད། །དེ་བས་ཚེ་རབས་གཞན་དུ་འདི་དག་ལ། །དགེ་བའི་བཤེས་ཀྱི་བགྱི་བ་གང་ཡིན་པ། །དེ་ཀུན་བདག་གིས་བྱེད་པར་ཤོག་ཅིག་ཅེས། །རྗེས་བརྩེ་སྨོན་པའི་ཡུལ་ལས་མ་དོར་ན། །གཉེན་ལ་ཕན་ཞིང་རང་ཡང་མི་འཆིང་བས། །མ་སྨད་དོན་གཉིས་སྒྲུབ་པའི་ཐབས་མཁས་འདི། །རྒྱལ་དང་རྒྱལ་སྲས་སྔ་མའི་རྣམ་ཐར་ཏེ། །རྗེས་འཇུག་སྐྱེ་བོའི་ཉམས་ལེན་ལགས་སམ་སྙམ། །དེས་ན་རེ་ཞིག་གཉེན་རྣམས་རིང་སྤངས་ནས། །དབེན་པའི་གནས་སུ་སྒྲུབ་ལ་གཞོལ་གྱུར་ན། །འདི་སྣང་གྲོགས་ཀྱི་ངོ་འཛུམ་མ་མཐོང་ཡང་། །ཐུབ་པའི་ཞལ་བཟང་བལྟ་ལ་མི་རིང་ཉེ། །གལ་ཏེ་རྙེད་དང་བཀུར་སྟི་ལ་སོགས་པ། །སྲིད་པའི་ཕུན་ཚོགས་དང་དུ་བླངས་གྱུར་ན། །ཞི་བའི་ཡོན་ཏན་ཐོབ་པར་མི་འགྱུར་བས། །འཁོར་བའི་བདེ་ལ་ནམ་ཡང་ཆགས་མི་བྱ། །རེ་ཞིག་སྒྲུབ་ལ་བརྩོན་པར་འགྱུར་ནའང་། །གཞན་དོན་ལྟར་སྣང་སྒྲུབ་པའི་བསླུ་བྲིད་ཀྱིས། །ཆོས་བརྒྱད་འདུ་འཛིའི་གཡང་ལ་ལྷུང་གྱུར་ན། །བསྒྲུབ་འབྲས་ཚེ་འདིའི་ཕྱོགས་སུ་ཤོར་བའི་ཕྱིར། །ཆོས་དེ་ཆོས་དང་མཐུན་པ་མ་ཡིན་ཞེས། །ཆོས་འདོད་སྐྱེས་བུ་ཆོས་ལ་བསྐུལ་བའི་ཕྱིར། །ཆོས་སྤྱན་ལྡན་པའི་ཆོས་རྗེ་སྔ་མ་ཡི། །ཆོས་ཚུལ་སྟོན་པའི་ཆོས་གཏམ་རྣམས་ནས་འབྱུང། །མདོར་ན་ཧ་ཅང་གཡེར་ཆེན་མ་ལགས་པར། །ལྐོག་ཏུ་རང་རྒྱུད་ཆོས་ཀྱིས་འདུལ་བ་ནི། །སྙིགས་མའི་དུས་འདིར་གནད་དུ་ཆེ་བའི་ཕྱིར། །སྦས་པའི་ཚུལ་གྱིས་སྒྲུབ་ལ་བརྩོན་པར་མཛོད། །རང་ལ་ཉམས་ལེན་རྡུལ་ཙམ་མེད་བཞིན་དུ། །གཞན་ལ་གདམས་པ་འཆད་པ་ཁྲེལ་བའི་རྒྱུར། །སོང་ཡང་སྙིང་དང་འདྲ་བའི་གྲོགས་པོ་མཆོག །ཁྱེད་ཀྱི་བཀའ་གསུང་གཅོག་པར་མ་ནུས་ལགས། །རྣམ་དཔྱོད་བློ་གྲོས་གསལ་བའི་མཆེད་ཁྱོད་ལ། །རྣམ་དག་བསླབ་བྱ་འདོམས་པའི་ཚིག་གི་ཕྲེང་། །རྣམ་དག་ལྷག་བསམ་གཙང་མས་སྦྱར་བ་ལས། །རྣམ་མང་དགེ་བ་བདག་གིས་གང་ཐོབ་དེས། །ཡིད་མཐུན་ཆོས་ཀྱིས་འབྲེལ་བ་བདག་ཅག་གཉིས། །ཚེས་རབས་ཀུན་ཏུ་རྒྱལ་བའི་རིང་ལུགས་ལ། །ལྟ་སྤྱོད་མཐུན་ཞིང་ཆོས་མཐུན་གྲོགས་གྱུར་ཏེ། །བསྟན་དང་འགྲོ་བའི་དོན་ཆེན་འགྲུབ་པར་ཤོག །གདམས་པ་འདི་གསུམ་ནི་བླ་མ་བློ་གྲོས་ཀྱི་བཞེད་སྐོང་དུ་སྤྲུལ་སྐུ་ཨ་འཇམ་པས་བྲིས་པ་ལགས་སོ། །དགེའོ།། །།