ཐང་རྒྱལ་ཚེ་སྒྲུབ་འཆི་མེད་རྡོ་རྗེའི་ཀ་བ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ ཐང་རྒྱལ་ཚེ་སྒྲུབ་འཆི་མེད་རྡོ་རྗེའི་ཀ་བ༔ རྟག་བརྟན་གྲུབ་པའི་དཔའ་བོ༔ མ་རུངས་དྲེགས་པའི་གཉེན་པོ་ཡོད༔ ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ཤྲཱི་དྷརྨ་པ་ལ་ཡེ། དེ་ལ་འདིར་རྩ་བ་གསུམ་གྱི་ས་མ་དྷི་ལ་གནས་པའི་རྣལ་འབྱོར་པས་ཆོས་ཐམས་ཅད་སྣང་སྲིད་དག་པ་རབ་འབྱམས་ཀྱི་ངང་ནས་རང་ལུས་དག་པ་ལྷུན་གྲུབ་གཞལ་ཡས་ཁང་དུ་སྒྲུབ་པར་བྱེད་པ་འདི་ལ་ཐོག་མར་ལུས་གནད་བསྲངས་ལ་བར་རླུང་བུམ་ཅན་དང་སྦྲགས་ཏེ་སེམས་བསྐྱེད་ཀྱི་འཕེན་པ་དེས་བསྐྱེད་པའི་ལམ་ལ་བརྟེན་ནས་སྣོད་བཅུད་ལ་བྱིན་འབེབས་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ འགྲོ་བ་ཡོངས་ཀྱི་སྐྱབས་སོགས་གསུམ་བརྗོད༔ ལུས་བ་སྤུ་གཡོ༔ གདོང་མཆི་མ་འཁྲིགས་པའི་མོས་གུས་བསྐྱེད༔ དེ་ནས་རང་གཞུང་ལ་འཇུག་པའི་ཐོག་མར༔ སྐྱབས་སུ་འགྲོ་བ་ནི༔ ཧཱུྃ་ཧྲཱིཿ མཆོག་གསུམ་སྐུ་གསུམ་རྩ་བ་གསུམ༔ རྩ་རླུང་ཐིག་ལེ་རྡོ་རྗེའི་སྐུ༔ ངོ་བོ་རང་བཞིན་ཐུགས་རྗེའི་བདག༔ གྲུབ་པའི་དབང་པོར་སྐྱབས་སུ་མཆི༔ ལན་གསུམ༔ དེ་ནས་སེམས་བསྐྱེད་པ་ནི༔ ཧཱུྃ་ཧྲཱིཿ བདག་གཞན་འགྲོ་བ་ཀུན་དོན་དུ༔ ཚེ་ཡི་རིག་འཛིན་མཆོག་གྲུབ་ནས༔ ཇི་ལྟར་འཚམ་པའི་ཕྲིན་ལས་ཀྱིས༔ འགྲོ་བ་སྒྲོལ་བར་དམ་བཅའ་འོ༔ ལན་གསུམ༔ དེ་ནས་དངོས་གཞི་སྟོང་གསལ་ངང༔ ཨཱཿ བདག་ཉིད་ཐ་མལ་རང་སེམས་འདི༔ རྟོག་པས་མ་བསླད་སོ་མའི་ངང༔ སྐད་ཅིག་དྲན་རྫོགས་ཆེན་པོ་རུ༔ ཧྲཱིཿཡིག་དམར་པོའི་འོད་ཟེར་གྱིས༔ དོན་གཉིས་བྱས་ནས་ཚུར་འདུས་པ༔ ཡོངས་གྱུར་ཚེ་ཡི་རིག་པ་འཛིན༔ གྲུབ་ཆེན་ཐང་སྟོང་རྒྱལ་པོ་ནི༔ སྨུག་ནག་ཞི་ཁྲོ་སྒེག་པའི་ཉམས༔ ལྟ་བའི་གདེངས་ལྡན་རྣལ་འབྱོར་ཆས༔ སྨ་ར་སྨིན་མ་དུང་ལྟར་དཀར༔ ཞབས་གཉིས་བརྐྱང་བསྐུམ་སྒོམ་ཐག་མཛེས༔ རས་གཟན་རུས་རྒྱན་ཨཾ་ཀ་ར༔ ཁྲི་སྙན་པགས་པའི་གདན་ལ་རོལ༔ ཕྱག་གཉིས་ལྕགས་སྒྲོག་ཚེ་བུམ་བསྣམས༔ ལྕང་ལོའི་སྟེང་གི་ནམ་མཁའ་ལ༔ རིགས་བདག་བཅོམ་ལྡན་ཚེ་མཐའ་ཡས༔ དམར་པོ་མཉམ་བཞག་སྤྲུལ་སྐུའི་ཚུལ༔ སྣང་སྟོང་ཆུ་ཟླའི་རོལ་གར་བཞིན༔ ཕྱི་ནང་ཟང་ཐལ་ཐང་རྒྱལ་སྐུའི༔ དབུས་ན་དྭངས་མ་འོད་ལྔའི་ཀློང༔ དྷུ་ཏིའི་ཡས་མར་རྡོ་རྗེས་མཚན༔ གནས་ལྔའི་རྩ་འཁོར་རྣམས་སུ་ནི༔ ཚེ་ལྷ་རིགས་ལྔ་ཡབ་ཡུམ་དང༔ མགྱོགས་མ་ཚེ་ཡི་སྒོ་སྲུང་བཅས༔ མཚན་དཔེས་རབ་བརྒྱན་ལོངས་སྤྱོད་རྫོགས༔ ཏིལ་གྱི་གོང་བུ་བཞིན་གང་གསལ༔ གནས་གསུམ་འབྲུ་གསུམ་ལས་འཕྲོས་འོད༔ དམ་ཚིག་ཡེ་ཤེས་དབྱེར་མེད་གྱུར༔ རོ་གཅིག་སྟན་བཞུགས་གུས་ཕྱག་འཚལ༔ ཡུལ་དྲུག་རང་སར་དག་པས་མཆོད༔ གསང་གསུམ་ཡོན་ཏན་རྫོགས་ལ་བསྟོད༔ ཐུགས་དབུས་མི་ཤིགས་རྡོ་རྗེའི་དཀྱིལ༔ ཉི་སྟེང་ཧྲཱིཿཡིག་དམར་པོ་ལ༔ འོད་ཟེར་ཕྲེང་བ་འཁྲིགས་པ་ལས༔ ཧྲཱིཿཡིག་ཚྭ་ཚྭ་སྐར་ལྟར་འཁྲིགས༔ དེ་དག་གྲངས་སྙེད་རྟ་མགྲིན་སྐུ༔ གསལ་འཚེར་ཧཱུྃ་དང་ཕཊཿསྒྲ་སྒྲོག༔ མེ་དཔུང་འུར་འུར་ཆེམ་ཆེམ་འཕྲོས༔ ཚེ་བདུད་ལོག་འདྲེན་འབྱུང་པོའི་ཚོགས༔ བསྲེག་ཅིང་གཞོམ་གཞིག་བསྐྲད་པར་བསམ༔ ཚུར་འདུས་བ་སྤུའི་བུ་ག་རྣམས༔ གོ་མཚམས་མེད་པར་རབ་ཏུ་གཏམས༔ སྣང་སྲིད་གཞིར་བཞེངས་ཆེན་པོ་རུ༔ སྣང་སྟོང་ཟུང་འཇུག་ཡི་གེ་ཧྲཱིཿ མ་ཡེངས་དགོངས་པ་རྩལ་སྦྱོང་བཟླ༔ ཧྲཱིཿ ཉིན་མཚན་ཞག་ལ་ལྔ་ཁྲི་བཟླ༔ སྐྱེ་འཆི་མེད་པའི་རིག་པ་འཛིན༔ བགྲེས་རྒུད་མེད་པའི་ལང་ཚོ་བརྙེས༔ གཞོམ་གཞིག་བྲལ་བའི་ཚེ་ལ་དབང༔ ཐེ་ཚོམ་བདུད་ཀྱི་ཞགས་པ་ཆོད༔ མོས་གུས་ཡིད་ཆེས་གནད་དུ་སྨིན༔ དམ་མེད་ལོག་པའི་ཁར་མ་བཙུད༔ སྐལ་བ་ལྡན་ལ་གཏད་དོ་རྒྱ༔ སྣང་གྲགས་རིག་གསུམ་གདན་གསུམ་ལྷའི༔ སྐྱེ་འཆི་གཉིས་མེད་དེ་བཞིན་ཉིད༔ ཡེ་ཤེས་གྲུབ་པའི་སྐུ་གསུང་ཐུགས༔ རྡོ་རྗེ་གསུམ་ལྡན་ངང་ནས་བསྙེན༔ ཨོཾ་ཨཱཿམ་ཧཱ་གུ་རུ་བྷུ་མི་རཱ་ཛ་ཨ་ཡུར་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཁྱེར་སོ་གསུམ་ལྡན་ངང་ནས་སྔགས་ཀྱི་གྲངས༔ འབུམ་ཕྲག་གཅིག་གིས་ཚེ་ཡི་འགལ་རྐྱེན་སེལ༔ འབུམ་གཉིས་བཟླས་པས་སྐྱེ་འགྲོའི་སྲོག་ལ་དབང༔ འབུམ་ཕྲག་གསུམ་གྱིས་རྡོ་རྗེའི་རྫོངས་སུ་ཚུད༔ འཕོས་ཚེ་རིག་འཛིན་རྒྱལ་བའི་ས་ལ་སྙེག༔ ས་མ་ཡཱ༔ མཐར་ནི་དམིགས་མེད་ཆོས་སྐུའི་མཁའ་རུ་བཙུད༔ རང་བྱུང་ཡེ་རྫོགས་གྲུབ་དབང་ཨེ་མ་ཧོ༔ སླར་ཡང་སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་བཞེང༔ གཞོམ་བྲལ་རྡོ་རྗེའི་གོ་ཆ་བླ་ན་མེད༔ དགེ་བའི་རྩ་བ་འཁོར་གསུམ་ཡང་དག་བསྔོ༔ གྲུབ་དབང་རྒྱལ་པོ་བྱང་ཆུབ་སྙིང་པོའི་བར༔ འབྲལ་མེད་དུས་གསུམ་འགྲོག་པའི་ཤིས་པ་སྩོལ༔ ཅེས་འདི་རང་བྱུང་དབྱིངས་ཀྱི་ཆོས༔ ཕལ་པའི་བློ་ཡི་སྤྱོད་ཡུལ་མིན༔ ཨོ་རྒྱན་ཆེན་པོའི་བྱིན་རླབས་ཆགས༔ མ་གཟའ་དམ་གསུམ་བཀའ་འདི་འཚོས༔ སྐལ་བ་ལྡན་ལ་གཏད་དོ་རྒྱ༔ ལོག་ལྟ་ཅན་ལ་གསང་ངོ་རྒྱ༔ མནྟྲ་གུ་ཧྱ༔ སློབ་བུ་པདྨའི་ལུང་གིས་བསྔགས་པའི་མཁས་བཙུན་བཟང་པོའི་དཔལ་གྱིས་མངོན་པར་མཐོ་བའི་དམ་པ་རིག་གྲོལ་གྱིས་བསྐུལ་བ་ལ་བརྟེན་ནས༔ གྲུབ་པའི་དབང་པོའི་རྣམ་འགྱུར་ཡང་ཡང་མཐོང་ཞིང་སྒྲུབ་ཐབས་ཡང་བྱིན་རླབས་ཀྱི་ཚན་ཁ་ཁྱད་དུ་འཕགས་པར་གོ་ནས་དུས་ཚེས་བཟང་པོ་ལ་སྤྲུལ་པའི་གཏེར་སྟོན་གཞན་ཕན་བཟང་པོས་རྟེན་འབྲེལ་གྱི་ཆོས་སུ་ཕུལ་བ་དགེ་ལེགས་འཕེལ༔