དོན་བསྡུ་བ།― MLP007_Page_0082 ―
[མ་དཔེ་གཟིགས་ན་འདིར་གནོན།]
༈ གཉིས་པ་དོན་བསྡུ་བ་ནི། གང་པྲསྟཱར་དང་། ནཥྚ་དང་། ཨུདྡིཥྚ་དང་། ཡང་བའི་བྱ་བ་དང་། གྲངས་དང་། ཨ་དྷྭ་སྟེ། དེ་ལྟར་ངོ་མཚར་བའི་སྦྱོར་བ་དྲུག་པོ་འདི་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་མཉམ་པའི་བྲྀཏྟ་རྣམས་ལ་རྟོགས་བྱེད་ཀྱི་ཆོ་ག་རྨད་དུ་བྱུང་བར་འགྱུར་ཏེ། དེ་རྣམས་ཀྱིས་མེ་ལོང་དུ་གཟུགས་བརྙན་བཞིན་གསལ་བར་སྟོན་པ་ཡིན་པའི་ཕྱིར་རོ། །གཉིས་པ་ཐུན་མོང་གི་གྲངས་རྟོགས་བྱེད་ནི། དཔེར་ན། ཡཿཔརམཿཔརམཱརྠོཡདཁིལཔརམཱརྠགཏིཕལཾབརྟྨེ། ཏཛྫནིཏོཡཤྩཛནོཛཡནྟིཏེབུདྡྷདྷརྨགཎཿགང་ཞིག་མཆོག་དང་གང་ཞིག་དམ་པའི་དོན། །མ་ལུས་དོན་དམ་ལམ་འབྲས་རྟོགས་གྱུར་ཅིག །སྐྱེ་བོ་གང་ཡང་དེར་ནི་སྐྱེད་མཛད་པ། །སངས་རྒྱས་ཆོས་ཚོགས་དེ་རྣམས་རྒྱལ་གྱུར་ཅིག །ཛཡཏིཛིནོདྷརྨཱམོཛཡཏིཔྲཛྙཱཙསཧཙརཱིཏསྱ། ཨུབྷཡཱདྷིམུཀྟིབཱིཛཔྲསབཏནུརྫཡཏིཙཱརྱགཎཿརྒྱལ་ཆོས་ནད་ལས་རྒྱལ་བ་རྒྱལ་གྱུར་ཅིག །དེ་ཡི་ལྷན་ཅིག་སྤྱོད་མ་ཤེས་རབ་ཀྱང་། །གཉིས་ལ་ལྷག་མོས་ས་བོན་ལས་བྱུང་བ། །ལུས་ཅན་འཕགས་པའི་ཚོགས་རྣམས་རྒྱལ་གྱུར་ཅིག །ཞེས་པ་ཚིགས་སུ་བཅད་པ་གཉིས་པོ་འདི་དག་ལྟ་བུ་སྟེ། དེའང་ཤློ་ཀ་གཉིས་ཀ་ལ་འདིར། ཕྱི་མོ་ལྔ་བཅུ་རྩ་བདུན། ཡི་གེ་བཞི་བཅུ། ལྕི་བ་བཅུ་བདུན། ཡང་བ་ཉི་ཤུ་རྩ་གསུམ་མོ། །དེ་ནས་གྲངས་གཉིས་གཉིས་ཀྱི་བྱ་བའི་འབྲས་བུ་ཅིག་ཤོས་རྣམས་སྟོན་ཏེ། ཇི་ལྟར་ན་ལྕི་བ་དང་། ཡང་བ་དང་། ཡི་གེ་དང་། ཕྱི་མོ་དང་། དེ་རེ་རེ་ལའང་རྟོགས་བྱེད་གསུམ་གསུམ་སྟེ་བཅུ་གཉིས་ལས། ༈ དང་པོ་ལྕི་བ་རྟོགས་བྱེད་ཀྱི་ཆོ་ག་གསུམ་ནི། ཡང་བ་ཉེར་གསུམ་རྣམས་ཀྱིས་ཡི་གེ་བཞི་བཅུའི་སྟེང་ནས་དོར་བ་སྟེ་ཕྲི་བས་བཅུ་བདུན། ཕྱི་མོའི་གྲངས་ང་བདུན་ལས་ཡང་བ་ཉེར་གསུམ་དོར་ལྷག་སོ་བཞི་ལ་འདབ་མ་སྟེ་ཕྱེད་དུ་གཏུབས་པས་ཀྱང་བཅུ་བདུན། ཕྱི་མོ་ང་བདུན་ལས་ཡི་གེ་བཞི་བཅུས་དོར་བའི་ལྷག་མའང་བཅུ་བདུན་ཏེ་བྱ་བ་གསུམ་པོ་དེ་རྣམས་ཀྱི་འབྲས་བུས་གྲངས་ཇི་སྙེད་ལུས་པ་ནི། འདིར་ལྕི་བའི་གྲངས་སོ། ༈ །གཉིས་པ་ཡང་བའི་རྟོགས་བྱེད་གསུམ་ནི། ལྕི་བ་བཅུ་བདུན་པོ་ཉིས་འགྱུར་སོ་བཞིས་ཕྱི་མོ་ང་བདུན་ལ་ཕྲི་བས་ཀྱང་ |