རྗེ་བཙུན་མི་ལའི་བླ་མའི་རྣལ་འབྱོར་དངོས་གྲུབ་འདོད་པ་འཇོ་བའི་གཏེར།

བཀའ་དྲིན་མཚུངས་མེད་བླ་མར་འདུད༔ རྗེ་བཙུན་བླ་མའི་རྣལ་འབྱོར་ནི༔ དངོས་གྲུབ་འདོད་པ་འཇོ་བའི་གཏེར༔ སྤྲོས་མེད་ཉམས་ལེན་འདི་ན་ངོམ༔ ས་མ་ཡཱ༔ ཨེ་མ་ཧོ༔ མཆོག་གསུམ་རྩ་གསུམ་ངོ་བོ་ཡོངས་བསྡོམས་པའི༔ རྗེ་བཙུན་བཞད་པ་རྡོ་རྗེར་སྐྱབས་སུ་མཆི༔ འགྲོ་ཀུན་རྣམ་མཁྱེན་སངས་རྒྱས་ལ་འགོད་ཕྱིར༔ རྗེ་བཙུན་བླ་མའི་གསང་གསུམ་བསྒྲུབ་པར་བགྱི༔ ཨཱཿ འཁོར་འདས་ཆོས་ཀུན་བློ་ལས་འདས༔ དེ་ཉིད་གདོད་མ་སེམས་ཀྱི་གཤིས༔ མ་རྟོགས་འགྲོ་ལ་སྙིང་རྗེའི་རྩལ༔ རང་ལུས་ཐ་མལ་སྤྱི་གཙུག་ཏུ༔ པདྨ་ཐབས་ཤེས་ཉི་ཟླའི་སྟེང༔ རང་རིག་དོན་གྱི་བླ་མ་རྗེ༔ རྗེ་བཙུན་ཧ་ས་བཛྲ་ནི༔ སྐུ་མདོག་སྨུག་པོ་ཞི་ཆགས་བཞད༔ དབུ་སྐྲ་ལྕང་ལོ་གནག་སྣུམ་བརྗིད༔ སྙན་རྒྱན་དུང་གི་ཝ་མིག་སྤྲས༔ ཕྱག་གཡས་འགྲམ་བཏེགས་ཉམས་མགུར་ལེན༔ གཡོན་པ་ངལ་གསོའི་ཕྱག་རྒྱ་མཛད༔ ཞབས་གཉིས་ཕྱེད་སྐྱིལ་སྒེག་ལ་དཔའ༔ ཨཾ་རག་སྔོན་པོ་དར་གཟན་དཀར༔ སྒོམ་ཐག་དབང་མདོག་འཁོར་གཅིག་དཀྲིས༔ མོས་པའི་བུ་ལ་དགོངས་པ་གཏད༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད༔ སྙིང་ཁར་ཁུ་རྡུལ་དྭངས་མའི་སྟེང༔ མར་སྟོན་ཆོས་ཀྱི་བློ་གྲོས་ནི༔ རྒྱལ་ཀུན་འདུས་པའི་ངོ་བོར་བཞུགས༔ བརྩེ་ཆེན་འགྲོ་ལ་བྱིན་གྱིས་རློབས༔ སྤྱི་བོར་རིགས་བདག་རྡོ་རྗེ་སེམས༔ འཁོར་དུ་རྩ་གསུམ་སྲུང་མས་བསྐོར༔ ལྷ་ཚོགས་ཁྱེད་རྣམས་གསང་གསུམ་གྱི༔ དངོས་གྲུབ་མ་ལུས་བདག་ལ་སྩོལ༔ ཁྱེད་ལས་རེ་ས་གཞན་ན་མེད༔ འདི་ཕྱིའི་བདེ་ལེགས་དུས་འདིར་སྩོལ༔ ལྟ་སྒོམ་སྤྱོད་པ་མཐར་ཕྱིན་གྱི༔ ཉམས་མྱོང་བདག་རྒྱུད་སྨིན་གྲོལ་མཛོད༔ གཏད་པ་བཞི་ཡི་མལ་ས་ནས༔ རྩ་ཐིག་རླུང་གི་སྒྲིབ་པ་དག༔ ཚེ་འདིར་འཕོ་ཆེན་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཧ་ས་བཛྲ་ཀཱ་ཡ་ཝཀྐཱ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་འདི་བྱིན་རླབས་དྲི་བསུང་ཐུལ༔ ཕལ་པའི་བློ་ཡི་ཡུལ་ལས་འདས༔ ཚིག་ལ་མི་ལྟོས་དོན་གྱིས་འབྱེད༔ མཐོང་ཐོས་དྲན་པས་འགྲོ་ཕན་འགྱུར༔ དད་ལྡན་དཔལ་དབྱངས་ཀྱིས་བསྐུལ་ངོར༔ ཆོས་མེད་ས་ར་ཧི་ཏས་སྨྲས༔ དགེའོ༔