རྗེ་བཙུན་བླ་མ་ཞབས་དཀར་བའི་བླ་སྒྲུབ་བྱིན་རླབས་བདུད་རྩིའི་བུམ་པ།

རྗེ་བཙུན་བླ་མ་ཞབས་དཀར་བའི་བླ་སྒྲུབ་བྱིན་རླབས་བདུད་རྩིའི་བུམ་པ་བཞུགས༔ ཨེ་མ་ཧོ༔ སྐྱབས་གནས་ཀུན་འདུས་བླ་མ་ལ༔ སྐྱབས་སུ་མཆི་འོ་བྱིན་གྱིས་རློབས༔ འགྲོ་ཀུན་རང་རིག་བླ་མ་ཡི༔ གོ་འཕང་མཆོག་ལ་འགོད་པར་བྱ༔ མདུན་མཁར་བཀོད་ལེགས་སྤྲུལ་པའི་ཞིང༔ ངོ་མཚར་རྨད་བྱུང་གཞལ་མེད་ཁང༔ དེ་དབུས་པད་ཉི་ཟླ་བའི་སྟེང༔ གསུམ་ལྡན་བླ་མ་རིན་པོ་ཆེ༔ རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང༔ དཔལ་ཞབས་དཀར་བླ་མ་མཚར་ལ་འཛུམ༔ དར་ཆས་གོས་གཟན་ཤམ་སྒོམ་ཐག་སྤྲས༔ དབུ་ལྕང་ལོའི་ཟུར་ཕུད་དར་གྱིས་མཛེས༔ ཞབས་དཀྱིལ་ཀྲུང་ཕྱག་གཉིས་ཆོས་འཆད་མཛད༔ གསུང་སྙན་པའི་ཚངས་དབྱངས་མགུར་མ་ལེན༔ ཐུགས་བརྩེ་ཆེན་ལྡན་པའི་བུ་ལ་གཏད༔ བདག་སྒོ་གསུམ་གུས་པས་ལྷ་ཕྱག་འཚལ༔ དཔེ་མེད་པའི་དངོས་ཡིད་མཆོད་ཚོགས་འབུལ༔ ཡེ་ཐོག་མེད་བསགས་པའི་སྡིག་ལྟུང་བཤགས༔ ཐེག་གསུམ་གྱི་ཆོས་ལ་རྗེས་ཡི་རངས༔ བཀའ་འགྲོ་བློའི་མུན་སེལ་ཆོས་འཁོར་བསྐུལ༔ མགོན་མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དུས་གསུམ་གྱི་དགེ་ཚོགས་འགྲོ་ལ་བསྔོ༔ བདག་ཐུགས་ཡིད་གཅིག་འདྲེས་དངོས་གྲུབ་སྩོལ༔ ཨེ་མ་ཧོ༔ དང་པོ་བླ་མ་བསྟེན་ནས་གདམས་ངག་ཞུས༔ བར་དུ་རྒྱུ་འབྲས་འདོར་ལེན་དགེ་ལ་བརྩོན༔ ཐ་མ་འཁོར་ཚོགས་མ་ལུས་དོང་ནས་སྤྲུགས༔ ཞབས་དཀར་རྡོ་རྗེ་འཆང་ལ་གསོལ་བ་འདེབས༔ རང་ངམ་གཞན་ནས་གསུངས་པའི་གསོལ་འདེབས་ནི༔ བརྒྱ་སྟོང་སྐབས་དང་བསྟུན་ཏེ་བཟླ༔ རྗེས་སུ་དབང་ཡིད་ལེན་པ་ནི༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ རྗེ་བླ་མའི་སྤྱི་མགྲིན་སྙིང་ལྟེ་ལྔར༔ འོད་དཀར་དམར་མཐིང་སེར་ལྗང་བའི་མདོག༔ དཔེ་མཁའ་ལ་འཇའ་ཚོན་བཀྲ་བ་བཞིན༔ བདག་སློབ་བུའི་གནས་ལྔར་ཐིམ་པ་ཡིས༔ སྒྲིབ་བཞི་དག་དབང་བཞི་བསྒོམ་པ་དང༔ ཚེ་ལ་དབང་རིག་འཛིན་རྣམ་བཞི་དང༔ སྐུ་བཞི་ཡི་གོ་འཕང་མངོན་དུ་གྱུར༔ མཐར་སྐྱབས་ཡུལ་བླ་མ་འོད་དུ་ཞུ༔ སེམས་སྟོང་ཉིད་དབྱིངས་ཐིམ་ཨ་ལ་ལ༔ མཐར་ནི་མི་དམིགས་གཤིས་ལ་ཀློད༔ ཐུགས་ཡིད་གཅིག་ཏུ་བསྲེ་བ་གནད༔ སླར་ཡང་ལྡང་བའི་དུས་སུ་ནི༔ དགེ་བསྔོ་ཤིས་བརྗོད་སྤྱི་ལྟར་བྱ༔ ཞེས་འདི་བསྟན་པའི་རྒྱན་གཅིག་པུ༔ སྒྲུབ་མཆོག་དགྱེས་པའི་ལང་ཚོ་ཡིས༔ ལེགས་མཛེས་དམ་པ་དེ་ཉིད་ཀྱི༔ བཀའ་གསུང་ལྡོག་ཏུ་མི་ནུས་ཕྱིར༔ སྤྲུལ་མིང་འཁྱམས་པོ་གཞན་ཕན་པས༔ དད་དང་གུས་པའི་སེམས་ཀྱིས་བྲིས༔ ཡོངས་ལ་ཕན་ཞིང་དམ་པ་དེའི༔ སྐུ་ཚེ་བརྟན་པའི་རྒྱུར་གྱུར་ཅིག༔ ཤུ་བྷཾ༔