ལྷ་བཟོ་རྡོ་རྗེ་དབང་ཕྱུག་གི་ངོར།

ཨོཾ་ཨཱཿཧཱུྃ། རྣམ་པ་ཀུན་གྱི་མཆོག་ལྡན་ཡེ་ཤེས་ཀྱི། །རང་གཟུགས་བཅོམ་ལྡན་འདས་མ་སྒྲོལ་མཛད་ཡུམ། །རྒྱལ་བ་སྲས་བཅས་བླ་མ་ཡི་དམ་དང་། །ཌཱ་ཀི་ཆོས་སྐྱོང་ཐུགས་དམ་བསྐོང་བའི་རྫས། །མེ་ཏོག་སྤོས་མཆོག་སྣང་གསལ་དྲི་ཞལ་སོགས། །ལྷ་མོ་བཅུ་དྲུག་སྨན་རཀ་གཏོར་ཆེན་དང་། །བདེ་སྟོང་མཉམ་སྦྱོར་དགའ་བཞི་འཛིན་བྲལ་སོགས། །ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི། །དགྱེས་རྫས་སྲིད་ཞིའི་དངོས་པོ་མ་ལུས་པ། །རྣམ་པ་འདོད་པའི་ཡོན་ཏན་མ་ཚང་མེད། །ངོ་བོ་ཟག་མེད་རྨད་བྱུང་བསྐྱེད་པ་འདིས། །རྩ་བར་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་། །ཡི་དམ་རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་། །ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །ཁྱད་པར་སྒྲོལ་མ་འཁོར་བཅས་ཐུགས་དམ་བསྐང་། །གཏེར་སྲུང་དྲག་པོའི་ཚོགས་ཀྱི་ཐུགས་དམ་བསྐང་། །དཀར་ཕྱོགས་སྐྱོང་བ་འཁོར་བཅས་ཐུགས་དམ་བསྐང་། །ཡུལ་ལྷ་གཞི་བདག་འཁོར་བཅས་ཐུགས་དམ་བསྐང་། །བསྐང་བར་འོས་པ་ཀུན་གྱི་ཐུགས་དམ་བསྐང་། །སྟོང་པ་ཆོས་ཀྱི་དབྱིངས་སུ་ཐུགས་དམ་བསྐང་། །སྣང་བ་འཛིན་མེད་ཀློང་དུ་ཐུགས་དམ་བསྐང་། །སྣང་སྟོང་ཟུང་འཇུག་ཆེན་པོར་ཐུགས་དམ་བསྐང་། །ཀ་དག་ཀུན་བཟང་ཀློང་དུ་བསྐང་གྱུར་ཅིག །ཅེས་པའང་ལྷ་བཟོ་རྡོ་རྗེ་དབང་ཕྱུག་གི་ངོར་རྡོ་རྗེ་དྲག་པོས་བརྗོད་པའོ། །ཤུབྷཾ།