ཕར་ཕྱིན་བླ་མ་ལ་མཆོད་པར།

རླབས་ཆེན་མཁྱེན་པའི་རྩིབས་སྟོང་ལྡན་པའི་དམིགས་མེད་ཐུགས་རྗེ་གསེར་གྱི་འཁོར་ལོ་རྒྱ་ཆེན་ཤེས་བྱའི་མཁའ་ལ་རབ་བགྲོད་མི་འཇིགས་བཞི་ཡི་ཆོས་འཁོར་བསྐོར་བས་སྡེ་དང་བཅས་པའི་བདུད་ཚོགས་མཐའ་དག་སྙིང་རབ་འདར་ཞིང་རྣམ་པར་ཞུམ་ནས་ཁྱོད་ཞབས་པད་མོ་སྤྱི་བོས་གུས་མཆོད་སྐལ་ལྡན་གདུལ་བྱ་གླིང་བཞིའི་ཚོགས་ཀྱིས་སྔོན་བསགས་བསོད་ནམས་བརྒྱ་ལས་གྲུབ་པའི་རྙེད་དང་བཀུར་སྟི་སྒྲུབ་པའི་སྐྱེས་ཀྱིས་རྟག་ཏུ་མཆོད་ཅིང་དགྲ་ལས་རྣམ་རྒྱལ་སློབ་མའི་བློན་ཚོགས་རྣམས་དང་རྒྱལ་སྲས་དཔའ་བོའི་བུ་སྟོང་དབུས་ན་ཐེག་གསུམ་བསྟན་པའི་ཁྲིམས་ཆེན་བཅས་ཏེ་རིགས་གསུམ་གདུལ་བྱའི་མངའ་འབངས་ཚོགས་རྣམས་རྣམ་གྲོལ་ཐར་པའི་བདེ་ལ་འགོད་པར་མཛད་པ་སྟོན་པ་འཁོར་ལོས་སྒྱུར་རྒྱལ་ཤཱཀྱའི་ཏོག་གྱུར་ཤཱཀྱའི་རྒྱལ་པོ་ཤཱཀྱའི་སེང་གེ་དེ་ཉིད་མཆོད།། །།ཐབས་མཁས་ཐུགས་རྗེའི་གྲུ་གཟིངས་རབ་བསྡམས་རྒྱ་ཆེན་སྨོན་ལམ་བ་དན་དཀར་པོའི་ཕྲེང་བ་འཕྱར་ཞིང་འབད་མེད་ལྷུན་གྲུབ་བརྩོན་པའི་སེར་བུས་མུ་མེད་སྲིད་ཞིའི་ཆུ་གཏེར་ཆེན་པོའི་ཕ་མཐར་རྒལ་ཏེ་སྐུ་གསུམ་རིན་ཆེན་གླིང་ནས་རྣམ་མཁྱེན་ཡིད་བཞིན་ནོར་བུ་བླངས་ཏེ་དགའ་ལྡན་ཆོས་ཀྱིས་མངོན་པར་མཐོ་བའི་ཕོ་བྲང་དབུས་ན་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཚུལ་གྱིས་ཆོས་ཀྱིས་ཕོངས་པའི་གདུལ་བྱ་རྣམས་ལ་ཐེག་ཆེན་ཆོས་ཀྱི་དབྱིག་གི་ཆར་ཆེན་ཕབས་ཏེ་སླར་ཡང་མ་འོངས་ཚེ་ལོ་བརྒྱད་ཁྲིའི་དུས་ན་སྟོབས་བཅུའི་སྟོབས་ལྡན་བྱམས་པའི་མཚོན་དང་མི་འཇིགས་བཞི་ཡི་དཔུང་ཚོགས་བཤམས་ཏེ་བདུད་གནས་ཀུན་དུ་ས་ཆེན་རྣམ་པ་དྲུག་ཏུ་གཡོས་ཏེ་བདུད་དཔུང་བྱེ་བ་མཐའ་དག་ཕམ་པར་མཛད་ནས་རབ་དཀར་དགེ་ཚོགས་དང་ལྡན་སྐྱེ་རྒུ་རྣམས་ལ་རིམ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་རྒྱལ་བའི་རྒྱལ་ཚབ་བདུད་ལས་རྣམ་རྒྱལ་རྒྱལ་བ་བྱམས་པ་མི་ཕམ་མགོན་པོ་དེ་ཉིད་མཆོད།། །།ཆོས་རྒྱུན་ཏིང་འཛིན་སྙིམ་པས་མ་ཕམ་ཞལ་གྱི་བདུད་རྩི་གསོལ་བས་རྟོགས་པའི་ལུས་རྒྱས་འཕགས་པ་ཐོགས་མེད་དང་། །རབ་གསལ་བློ་གྲོས་སྤྱི་བོར་གཞུང་ལུགས་འབུམ་ཕྲག་དགུ་བཅུ་གོ་དགུའི་གདེངས་ཀ་མངོན་མཐོ་ཀུན་མཁྱེན་དབྱིག་གི་གཉེན། །བློ་གྲོས་ཉི་མའི་ཟེར་གྱིས་དངོས་སྨྲའི་མུན་པ་བསལ་ནས་ཡུམ་དོན་གེ་སར་གསལ་མཛད་འཕགས་པ་རྣམ་པར་གྲོལ་བའི་སྡེ། །དམ་པའི་གསུང་ལ་དམ་པར་བཟུང་བས་དད་པའི་སྟོབས་ཀྱིས་དད་པའི་ས་བརྙེས་བཙུན་པ་རྣམ་པར་གྲོལ་བའི་སྡེ་ལ་སོགས་པ་རྒྱལ་ཡུམ་བརྒྱུད་པའི་པཎ་ཆེན་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་པ་ཐམས་ཅད་མཆོད།། །།ཁྱད་པར་དོན་གཉིས་ཕུན་ཚོགས་ལེགས་པར་བསྒྲུབ་ཕྱིར་ཚོགས་གཉིས་རྒྱ་ཆེན་གོམས་པའི་མཐུ་ཡིས་བདེན་གཉིས་རྣམ་འབྱེད་བློ་གྲོས་ལྡན་པས་དུས་གསུམ་རྒྱལ་བའི་བགྲོད་གཅིག་ལམ་གྱུར་ཡུམ་གསུམ་ཀུན་གྱི་བརྗོད་བྱའི་མངོན་རྟོགས་སྲིད་གསུམ་བླ་མ་མ་ཕམ་དགོངས་པ་ཇི་བཞིན་འབྱེད་ལ་མི་འཇིགས་བཞི་ཡི་སྤོབས་པ་བརྙེས་ཤིང་ཚད་མེད་བཞི་ལྡན་བྱང་ཆུབ་སེམས་དང་བསྡུ་དངོས་བཞི་ཡི་རླབས་ཆེན་སྤྱོད་པས་རྒྱུད་ལྔའི་འགྲོ་བ་མཐའ་དག་རྗེས་སུ་བཟུང་ནས་ལམ་ལྔའི་ཉམས་ལེན་ཇི་བཞིན་གསལ་མཛད་གནས་ལྔ་རིགས་པའི་པཎ་ཆེན་སེང་གེ་བཟང་པོ་དེ་ཉིད་མཆོད།། །།ལྷག་བསམ་རྣམ་དག་གསེར་གྱི་ས་གཞིར་ལེགས་བཤད་ཡན་ལག་བརྒྱད་ལྡན་ཆུ་མཚོ་གཟུངས་དང་ཏིང་འཛིན་ཡིད་བཞིན་ནོར་བུས་ལེགས་གཏམ་ས་བརྩོན་འགྲུས་མྱུར་བའི་ལྕགས་ཀྱི་རྭ་བས་བསྐོར་ཞིང་གྲུབ་མཐའ་བཞི་ཡི་གླིང་བཞིའི་བློ་གསལ་སྐྱེ་བོའི་ཚོགས་ཀྱི་ཉེར་འཚོའི་གཞིར་གྱུར་ཆོས་མངོན་གསེར་གྱི་རི་དང་ལེགས་གསུང་འདུལ་བ་རོལ་མཚོའི་དབུས་ན་རྣམ་དཀར་ཚོགས་གཉིས་རིན་ཆེན་ལས་གྲུབ་རྒྱུད་སྡེ་བཞི་ཡི་བང་རིམ་བརྩེགས་ཤིང་རྣམ་གྲོལ་ཐར་པའི་ལྕོག་གིས་ཉེར་མཛེས་བདེ་གཤེགས་བསྟན་པའི་ལྷུན་པོ་ས་བཅུའི་དབང་ཕྱུག་འཇིག་རྟེན་མིག་གཅིག་འཇིག་རྟེན་རྒྱན་གྱུར་བློ་ལྡན་བཟང་པོ་བློ་ལྡན་ཤེས་རབ་ལ་སོགས་སྐད་གཉིས་སྨྲ་བའི་དབང་པོ་རབ་དཀར་གངས་རིའི་ལྗོངས་འདིར་རབ་མང་གདུལ་བྱའི་དཔལ་དུ་བྱོན་པ་ཐམས་ཅད་མཆོད།། །།ཟབ་ཅིང་རྒྱ་ཆེའི་བློ་གྲོས་རྒྱ་མཚོར་སྐྱེ་བ་བཞེས་ཤིང་བཟོ་དང་གསོ་བ་སྒྲ་དང་ཚད་མ་ནང་དོན་རིགས་པའི་གདེངས་ཀས་རབ་བརྗིད་མན་ངག་ཡིད་བཞིན་ནོར་བུའི་རྒྱན་གྱིས་སྤྲས། །ཆོས་དང་ཆོས་མིན་རྣམ་པར་འབྱེད་མཁས་མཁྱེན་བརྩེའི་ལྟ་ཟེར་ཀུན་ཏུ་འཕྲོས་པས་ཕས་རྒོལ་སྐྱེ་བོའི་ལོག་ལྟའི་མིག་འབོར་དྲུང་ནས་ཕྱུང་ཞིང་གཞུང་ལུགས་ངན་པའི་ཚང་ཚིང་མཐའ་དག་བསྲེགས། །ཡང་དག་རིགས་པའི་ཕུད་སྒྲ་རྒྱ་ཆེར་སྒྲོགས་པས་དྲེགས་པར་རབ་གྲགས་དྲེགས་པར་སྨྲ་བའི་ཕྱིར་རྒོལ་སྟོན་པ་འཕྲོག་བྱེད་སོགས་ཀྱི་དྲེགས་པ་བཅོམ་ནས་ཡང་དག་བསྟན་ལ་འཇུག་པར་མཛད། །དྲི་མེད་ལེགས་བཤད་ཆར་གྱིས་དཔག་ཡས་སྐྱེ་དགུའི་ལོ་ཐོག་མཐའ་དག་རྒྱས་མཛད་དཔལ་ལྡན་གདེངས་ཅན་དབང་པོ་ས་སྐྱ་པ་ཞེས་ས་སྟེང་ཀུན་ཏུ་གྲགས་པའི་གདུགས་དཀར་འཛིན་པ་འཇམ་དབྱངས་ཆོས་ཀྱི་བླ་མས་ལོ་ཙྪ་བ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་མཆོད།། །།ཕ་རོལ་ཕྱིན་པའི་ལུས་སྟོབས་རབ་རྒྱས་ཆོས་མངོན་རལ་པ་མཐུག་པོས་གཉའ་ཁེབས་དང་ལྡན་རིགས་ཚོགས་གཡེར་ཁའི་ཕྲེང་བ་མགྲིན་པར་འཁྲོལ་ཞིང་སྒྲུབ་དང་སུན་འབྱིན་རིགས་པའི་སྦར་ཁྱིམ་ཕས་རྒོལ་གླང་པོའི་སྤྱི་བོར་བགྲད་དེ་ལོག་པར་རྟོག་པའི་ཀླད་པ་ཆེམ་ཆེམ་གཅོད་ཅིང་གྲུབ་མཐའ་ངན་པའི་ཤ་རུས་དུམ་བུར་ཕྲལ་ནས་ཕྱོགས་ལས་རྣམ་པར་རྒྱལ་བའི་གད་རྒྱངས་ཕྱོགས་བཅུར་སྒྲོགས་པས་ལོག་སྨྲའི་རྗེས་འབྲངས་ཝ་ཚོགས་མཐའ་དག་ཁོར་ཡུག་ཆེན་པོའི་ཕ་མཐར་བསྐྲད་དེ་ཐུབ་བསྟན་གངས་རིའི་སྤོ་ལ་འགྲན་པར་བཟོད་པའི་འགྲན་ཟླ་ཀུན་དང་བྲལ་བར་རྣམ་པར་འགྱིང་ཞིང་དོན་གཉེར་བློ་གསལ་རི་དྭགས་ཚོགས་རྣམས་རྗེས་སུ་སྐྱོང་བར་མཛད་པ་སྨྲ་བའི་སེང་གེ་སྨྲ་བའི་ང་རོ་སྒྲོགས་པ་སངས་རྒྱས་དཔལ་ཞེས་གྲགས་པ་དེ་ཉིད་མཆོད།། །།འཆད་རྩོད་རྩོམ་པའི་ཡན་ལག་བདུན་ལྡན་ཆོས་མངོན་གསེར་གྱི་དྲྭ་བས་གདོང་པ་ལེགས་སྤྲས་ཕ་རོལ་ཕྱིན་པའི་གོས་བཟང་རྒྱན་གྱིས་ཀླུབ་ཅིང་སྒྲ་ཚད་མཆེ་བ་རྣོ་དཀར་དང་ལྡན་མི་ཟད་སྤོབས་པའི་སྣ་ཞགས་རྩེ་ལ་སྡེ་བདུན་རིགས་པའི་ངར་དང་ལྡན་པས་སྒྲུབ་དང་སུན་འབྱིན་གནམ་ལྕགས་འཁོར་ལོ་བསྐོར་ཏེ་སྙིང་པོས་དབེན་ཀྱང་སྙིང་པོ་ལྟར་སྟོན་ཀུན་ནས་སྒྲིག་ཅིང་དཔུང་ཚོགས་ངོམས་པའི་འདམ་བུའི་ཚལ་རྣམས་ཕྱེ་མར་བརླགས་དེ་ཕས་རྒོལ་དཔུང་གི་སྟེང་དུ་མཆོངས་ནས་ལོག་སྨྲའི་རྗེས་འབྲངས་ཝ་ཚོགས་མཐའ་དག་ཕམ་པར་མཛད་ནས་ཐུབ་བསྟན་རྒྱལ་སྲིད་རྣལ་དུ་འགོད་པར་མཛད་པ་ལུང་དང་རིགས་པའི་གླང་པོ་སྙིགས་དུས་འགྲོ་བའི་སྐྱབས་མགོན་རྒྱལ་བས་ལུང་བསྟན་བརྙེས་པ་རོང་སྟོན་སྨྲ་བའི་དབང་པོ་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་མཆོད།། །།རབ་འབྱམས་གཞུང་ལུགས་ལྷུན་པོའི་སྤོ་ལ་རབ་གསལ་བློ་གྲོས་རྟོགས་པའི་སྤྱན་སྟོང་ལྷམ་མེར་འབར། །རྣམ་དག་ཚུལ་ཁྲིམས་བསླབ་པ་རྣམ་པར་རྒྱལ་བའི་ཁང་བཟང་དབུས་ན་རྣམ་གྲོལ་རིམ་གཉིས་ཟས་ཀྱིས་རྟོགས་པའི་གཟི་མདོངས་རྒྱས། །ལེགས་གསུང་འདུལ་བ་ཡོངས་འདུའི་ཚལ་ན་ལེགས་པར་བཤད་པའི་རྔ་ཆེན་སྒྲགས་ཅིང་ལེགས་པའི་ལམ་གནས་བློ་གསལ་ཉེ་དབང་ཚོགས་ཀྱིས་བསྐོར། །རིགས་པའི་གཞུང་ལུགས་ས་སྲུང་ཞོན་ནས་རིགས་པ་འབར་བའི་རྡོ་རྗེ་འཕྱར་ཏེ་རིགས་མིན་སྨྲ་བའི་ལྷ་མིན་དཔུང་ཚོགས་མཐའ་དག་ཕམ་པར་མཛད་པ་དཔལ་ལྡན་གདེངས་ཅན་དབང་པོ་སངས་རྒྱས་བསྟན་པ་སངས་རྒྱས་དགོངས་པ་ཇི་བཞིན་རྣམ་པར་འཕེལ་བའི་ཕྲིན་ལས་མངའ་བ་བྱམས་ཆེན་རབ་འབྱམས་པ་ཞེས་གྲགས་བའི་རྔ་ཆེན་ལྷར་བཅས་མི་ཡི་འཇིག་རྟེན་ཀུན་ཏུ་གྲགས་པ་དེ་ཉིད་མཆོད།། །།དམ་པའི་ཡོན་ཏན་རིན་ཆེན་ཕྲེང་མཛེས་འདི། །བསོད་ནམས་སེང་གེའི་བློ་ཡི་བང་མཛོད་ནས། །ཕྱུང་སྟེ་བློ་གསལ་མགྲིན་པའི་རྒྱན་དུ་སྦྱིན། །དགེ་བས་ཐུབ་བསྟན་ལུས་བཟང་མཛེས་གྱུར་ཅིག། །།