དབང་བསྐུར་བའི་ཡོན་ཏན།

དོན་གཉིས་པ་བར་དུ་ལམ་གྱི་འཁྱེར་ཚུལ་བསྟན་པ་ལ། གཞི་མ་སྨིན་པར་སྨིན་པར་བྱེད་པའི་དབང་དང་། སྨིན་པ་གྲོལ་བར་བྱེད་པའི་གདམས་པ་གཉིས་ལས། དང་པོ་དབང་བསྐུར་བའི་ཡོན་ཏན། མ་བསྐུར་བའི་སྐྱོན། ཇི་ལྟར་བསྐུར་བའི་རིམ་པ། དབང་བསྐུར་བ་དངོས། དེའི་དམ་ཚིག་དང་ལྔ་ལས། དང་པོ་ནི་སྙིང་གི་མེ་ལོང་ལས། དབང་རྣམས་རབ་ཏུ་ཐོབ་བྱས་ན། །གསང་སྔགས་ཐམས་ཅད་མ་བསྒྲུབ་འགྲུབ། །ཅེས་པ་དང་། ཀློང་གསལ་ལས། དབང་ཐོབ་རྒྱུད་སྨིན་ཆོས་སྒོ་ཕྱེད། །གསང་སྔགས་དོན་ཀུན་འགྲུབ་པར་འགྱུར། །ཞེས་པས། གོང་མའི་བྱིན་རླབས་འཇུག་པས་གསང་སྔགས་ཀྱི་སྣོད་དུ་རུང་། ཟབ་མོའི་ཆོས་སྒོ་ཕྱེད་པས་སྨིན་གྲོལ་གྱི་ལམ་ལ་དབང་ལ། གསང་སྔགས་ཀྱི་དངོས་གྲུབ་འགྲུབ་པས་རང་གཞན་གྱི་འདོད་དགུ་འབྱུང་བའོ། །