སྒྲུབ་བརྩོན་པ་ཞིག་ལ་གནང་བ་ཞལ་གདམས་འཕོ་མེད་མ།

འཕོ་མེད་ཆོས་སྐུའི་དགོངས་པ་མངོན་གྱུར་ཀྱང་། བཟོད་མེད་དུཿཁས་མནར་བའི་འགྲོ་བ་ལ། །ཐུགས་རྗེའི་སྤྱན་རས་ཟུམ་པར་མི་མཛད་པའི། །བླ་མའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་ལྷན་སྐྱེས་བདེ་བ་ཆེ། །བདེ་བླག་ཉིད་དུ་རྟོགས་པའི་ཐབས་ཀྱི་མཆོག །ཟབ་མོའི་བླ་མའི་རྣལ་འབྱོར་བསྒོམ་པ་ནི། །གསང་ཆེན་ལམ་གྱི་སྙིང་པོའི་དམ་པ་ལགས། །དེ་ཡང་རང་གི་ཕུང་ཁམས་སྐྱེ་མཆེད་ལ། །རྣམ་དག་གདན་གསུམ་ཚང་བའི་ལྷ་ཚོགས་ཀྱི། །ས་བོན་བཏབ་ནས་བྱིན་གྱིས་རློབ་མཛད་པ། །རིགས་ཀུན་ཁྱབ་བདག་རྩ་བའི་བླ་མ་ལ། །སྐྱབས་གནས་ཐམས་ཅད་འདུས་པར་ཐག་བཅད་ནས། །ཉིན་མོ་སྤྱི་བོར་མཚན་མོ་སྙིང་དབུས་སུ། །ཡང་ཡང་བསྒོམས་ནས་གསོལ་བ་སྙིང་ནས་འདེབས། །སྤངས་རྟོགས་མཐར་ཕྱིན་བླ་མའི་གསང་གསུམ་དང་། །ཐ་མལ་རང་གི་སྒོ་གསུམ་བསྲེས་ནས་ནི། །ཐེ་ཚོམ་མེད་པར་ད་ལྟའི་རིག་པ་འདི། །མ་ཡེངས་མ་བཅོས་འཛིན་མེད་ལྷུག་པར་ཞོག །བློ་འདས་འོད་གསལ་ཕྱག་རྒྱ་ཆེན་པོ་ཡི། །གནས་ལུགས་དོན་གྱི་བླ་མའི་རང་ཞལ་ལྟ། །རྗེས་ཐོབ་སྣང་གྲགས་རིག་པའི་ཆོས་རྣམས་ཀུན། །བླ་མའི་རྡོ་རྗེ་གསུམ་དུ་ཤེས་པའི་བློས། །ཡིད་ཆེས་བསྐྱེད་ལ་གསོལ་བ་བཏབ་པའི་མཐར། །སྣང་སེམས་བསྲེས་ལ་འཛིན་མེད་ལྟ་བ་སྐྱོངས། །རྒྱལ་ཀུན་ཡུམ་གྱུར་རྡོ་རྗེ་རྣལ་འབྱོར་མ། །རང་ངོར་བླ་མའི་ཚུལ་དུ་སྣང་བའི་ཕྱིར། །ལྷ་དང་བླ་མ་ངོ་བོ་དབྱེར་མེད་དུ། །ངེས་པའི་ཤེས་པ་གཏིང་ནས་སྐྱེས་པ་ན། །བླ་མ་མཇལ་ཡང་དེ་ཡིས་མི་ཚིམ་པར། །ཡི་དམ་གཞན་དུ་ཚོལ་བའི་བློ་ངན་འཇིག །སྣང་སྲིད་འཁོར་འདས་བསྡུས་པའི་ཆོས་རྣམས་ཀུན། །རང་སེམས་རིག་པའི་རྩལ་དུ་ཤེས་པ་ན། །གཉུག་མ་འོད་གསལ་དོན་གྱི་བླ་མ་ལས། །གཞན་པའི་སྐྱབས་གནས་མེད་པའི་ཕུ་ཐག་ཆོད། །མཉམ་བཞག་དམིགས་མེད་ལྟ་བ་བསྒོམ་པ་དང་། །རྗེས་ཐོབ་སྣང་བ་སྒྱུ་མའི་ཚུལ་དུ་ཤེས། །རླབས་ཆེན་རྒྱ་ཆེན་སྤྱོད་པའི་གཞུང་བསྲངས་ཏེ། །ནམ་ཞིག་མཉམ་རྗེས་རེས་འཇོག་མ་ཡིན་པར། །དམིགས་མེད་ངང་དུ་རོ་མཉམ་གྱུར་པ་ན། །མཆོག་གི་དངོས་གྲུབ་ཐོབ་པའི་ཐ་སྙད་བྱེད། །དང་པོར་ཆོས་ཀྱི་ལམ་དུ་འཇུག་པ་ན། །སྲིད་ལས་ངེས་པར་འབྱུང་བའི་བློ་བསྐྱེད་ནས། །དགག་སྒྲུབ་གནང་བའི་སྤྱོད་པ་མ་ལུས་པ། །མིག་འབྲས་བཞིན་དུ་སྲུང་སྡོམ་བགྱི་ལ་འབད། །བར་དུ་རིམ་གཉིས་སྒོམ་པ་བརྟན་པ་ན། །ཨ་འཐས་གུ་དོག་སྤྱོད་པ་སྤངས་ནས་ནི། །ལམ་ཀུན་གཟིངས་བཞིན་འདོར་བར་བྱེད་པ་ནི། །ལམ་མཐའ་ཕྱིན་པ་སྔ་མའི་རྣམ་ཐར་ལགས། །ཆོས་བརྒྱད་རྟོག་པ་འཇིག་པའི་ལྟ་བ་དང་། །ལས་འབྲས་དཔང་དུ་བཙུགས་པའི་སྤྱོད་པ་གཉིས། །ཐབས་ལ་མཁས་པས་ཟུང་དུ་མ་ཆུད་ན། །བདེན་གཉིས་ཡ་བྲལ་གྱུར་པའི་ཉེས་པ་ཡོད། །རེ་དོོགས་དགག་སྒྲུབ་རྟོག་པའི་ཕྲེང་བ་རྣམས། །མཉམ་ཉིད་རྟོགས་པའི་རྒྱན་དུ་ཁྱེར་ནས་ནི། །སྲིད་ཞི་གཉིས་མེད་ཟུང་འཇུག་རྡོ་རྗེ་འཆང་། །ཚེ་འདི་ཉིད་ལ་མངོན་དུ་འགྱུར་བར་མཛོད། །འདི་དག་རང་གི་རྒྱུད་ན་མ་མཆིས་པས། །གོ་ཡུལ་ཚིག་གི་ཕྲེང་བ་སྤེལ་བ་ལ། །སེམས་ནི་ཤིན་ཏུ་སྐྲག་པར་གྱུར་ན་ཡང་། །སྒྲུབ་བརྩོན་བླ་མ་དམ་པ་ཁྱོད་ཉིད་ཀྱི། །གསུང་གིས་བསྐུལ་བ་ལྡོག་ཏུ་མ་ཕོད་ནས། །ཤཱཀྱའི་དགེ་སློང་ཀུན་དགའི་མིང་གིས་བྲིས། །ནོངས་པ་ལྷ་དང་བླ་མའི་སྤྱན་སྔར་འཆག །དགེ་བས་ཁྱེད་ཀྱི་ཐུགས་དགོངས་རྫོགས་པ་དང་། །སླད་མར་རྗེས་སུ་འཛིན་པའི་རྒྱུ་རུ་བསྔོ།། །།