བཅུ་པ་ས་བཅུ་པ་བཤད་པ།

བཅུ་པ་ས་བཅུ་པ་བཤད་པ་ནི།

རྩ་བར། བཅུ་པའི་ས་ལ་དེ་ཡིས་ཀུན་ནས་སངས་རྒྱས་རྣམས་ལས་དབང་བསྐུར་བ། །

དམ་པ་ཐོབ་ཅིང་ཡེ་ཤེས་ལྷག་པར་མཆོག་ཏུ་འབྱུང་བར་འགྱུར་བའང་ཡིན། །

ཆར་སྤྲིན་རྣམས་ལས་ཆུ་ཆར་འབབ་པ་ཇི་ལྟར་དེ་བཞིན་འགྲོ་རྣམས་ཀྱི། །

དགེ་བའི་ལོ་ཐོག་ཆེད་དུ་རྒྱལ་སྲས་ལས་ཀྱང་ལྷུན་གྲུབ་ཆོས་ཆར་འབབ། །

ཅེས་བཅུ༷་པ༷འི་ས༷་ལ༷་གནས་པའི་བྱང་སེམས་དེ༷་ཡི༷ས་ཕྱོགས་བཅུ་པོ་ཀུ༷ན་ན༷ས་སང༷ས་རྒྱ༷ས་རྣ༷མས་ལ༷ས་འོད་ཟེར་ཆེན་པོའི་དབ༷ང་བསྐུ༷ར་བ༷་ད༷མ་པ༷འམ་མཆོག་འཐོ༷བ་ཅི༷ང་གནས་པ་ཡིན་ཏེ། བྱང་སེམས་ས་བཅུ་པ་འདིས་ས་བཅུ་པའི་སྐབས་འདིར་ཏིང་ངེ་འཛིན་གྲངས་མེད་པ་འབུམ་ཕྲག་བཅུ་ཐོབ་པའི་ཐ་མ་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པར་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་མངོན་དུ་འགྱུར་རོ། །དེ་ནས་དེ་མ་ཐག་ཏུ་སྟོང་གསུམ་འབུམ་ཕྲག་བཅུའི་གཏོས་དང་མཉམ་པའི་རིན་པོ་ཆེ་ཆེན་པོའི་པདྨ་རིན་ཆེན་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱ་བ་ནས། རྒྱས་པར་སྟོང་གསུམ་འབུམ་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་པདྨའི་འཁོར་དང་ལྡན་པ་འབྱུང་བར་འགྱུར་ཏེ། བྱང་སེམས་དེའི་ལུས་ཀྱང་དབུས་ཀྱི་པདྨ་དེ་དང་འཚམས་པར་གནས་སོ། །སྔ་མའི་ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་པདྨ་དེ་ལ་འདུག་པར་སྣང་ངོ། །དེ་དེ་ལ་འདུག་པ་དང་མཉམ་དུ་སངས་རྒྱས་ཀྱི་ཞིང་ཀུན་ནས་གདན་འཛོམས་པའི་སངས་རྒྱས་རྣམས་ཀྱི་མཛོད་སྤུ་ནས་འོད་ཟེར་བྱུང་ནས་བྱང་སེམས་དེ་ལ་དབང་བསྐུར་བར་མཛད་དོ་ཞེས་བྱ་བའི་བར་དུ་ས་བཅུ་པའི་མདོ་ལས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། །བྱང་སེམས་འདི་ལ་ཕར་ཕྱིན་བཅུའི་ནང་ནས་ཡེ༷་ཤེ༷ས་ཀྱི་ཕར་ཕྱིན་ལྷ༷ག་པ༷ར་མཆོ༷ག་ཏུ༷་ཕྱིན་པ་འབྱུ༷ང་བ༷ར་དག་པར་འགྱུ༷ར་པ༷འམ་ཡེ་ཤེས་ཀྱི་ཕར་ཕྱིན་ལྷག་པ་ཐོབ་པའ༷ང་ཡི༷ན་ནོ། །ཀུན་རྫོབ་འཛིན་པ་ལ་ཞུགས་པ་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་གཉིས་ཀྱི་བྱེ་བྲག་ནི་དེ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དཔེར་ན་ཆ༷ར་སྤྲི༷ན་རྣ༷མས་ལ༷ས་འཇིག་རྟེན་པ་རྣམས་ཀྱི་ལོ་ཏོག་སྤེལ་བའི་ཆེད་དུ་ཆུ༷་ཆ༷ར་འབ༷བ་པ༷་ཇི༷་ལྟ༷ར་དེ༷་བཞི༷ན་དུ། གདུལ་བྱའི་འགྲོ༷་བ་རྣ༷མས་ཀྱི༷་དགེ༷་བ༷འི་ལོ༷་ཏོ༷ག་སྤེལ་བའི་ཆེ༷ད་དུ༷། རྒྱ༷ལ་བའི་སྲ༷ས་པོ་ས་བཅུ་པ་འདི་ལ༷ས་ཀྱ༷ང་རྩོལ་བ་རགས་པ་མེད་པའི་ལྷུ༷ན་གྱིས་གྲུ༷བ་པར་དམ་པའི་ཆོ༷ས་ཀྱི་ཆ༷ར་མངོན་པར་འབ༷བ་པ་ཡིན་ཏེ། རང་འགྲེལ་ལས། སྤྲིན་ཆེན་པོ་ལྟར་འཇིག་རྟེན་གྱི་དགེ་བའི་ལོ་ཐོག་མངོན་པར་སྤེལ་བའི་ཕྱིར། ལྷུན་གྱིས་གྲུབ་པར་དམ་པའི་ཆོས་ཀྱི་ཆར་ཡང་མངོན་པར་འབེབས་སོ། །ཞེས་གསུངས་པའི་ཕྱིར་རོ། །དགོངས་འགྲེལ་ལས། དེའི་ཕྱིར་ངས་ཐབས་ལ་མཁས་པའི་གསུམ་པོ་དེ་དག་གི་གྲོགས་སུ་གྱུར་པ་ཡིན་པར་ཡོངས་སུ་བསྟན་ཏོ། །ཞེས་དང༌། དེའི་ཕྱིར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་སུ་གྱུར་པ་ཡིན་ནོ། །ཞེས་དང༌། དེའི་ཕྱིར་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་སུ་གྱུར་པ་ཡིན་ནོ། །ཞེས་དང༌། དེའི་ཕྱིར་ངས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་སུ། ཞེས་གསུངས་པའི་ཕྱིར་རོ། །དབུ༷་མ༷་ལ༷་འཇུ༷ག་པ༷འི་ཚིག་དོན་ཟླ་བ་གྲགས་པའི་དགོངས་རྒྱན་རིན་ཆེན་སྒྲོན་མེ་ཞེསབྱ་བ་ལས་སེ༷མས་བསྐྱེ༷ད་པ༷་བཅུ༷་བའི་རྣམ་པར་བཤད་པ༷འོ༷།། །།