ཆད་ཐོ་དགོས་པར་བསྒྱུར་ནས།

གཏོར་མ་གནམ་ལྕགས་ཐོག་གི་རྣམ་པ་ཅན། དགྲ་བགེགས་བསྒྲལ་བའི་ལས་ལ་བཞེང་བར་གྱུར། ཧཱུཾ་བྷྱོ་ཛཿ དགོངས་སུ་གསོལ་ལོ་རྩ་བ་གསུམ་གྱི་ལྷ། །གསན་དུ་གསོལ་ལོ་དམ་ཅན་དྲེག་པའི་སྡེ། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །དམ་ཉམས་དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །མ་དང་མཁའ་འགྲོའི་བཀའ་རྟགས་ཕྱག་གི་རྒྱ། །གྲོལ་བའི་དུས་བབ་ཆོས་ཀྱི་ཕྲིན་ལས་ལ། །ཐོ་འཚམ་བདུད་སྡེའི་སྙིང་ཁར་རྩ་བ་གསུམ། །རབ་ཁྲོས་གཏུམ་དྲག་འབར་བའི་བྲོ་ཆེན་བརྡུང་། །དམ་པ་རྣམས་དང་དམ་པའི་སྤྱོད་ཚུལ་ལ། །ལོག་པར་འཁུ་བའི་མ་རུངས་ཚུལ་འཆོས་མཁན། །འདའ་ངེས་བདག་པོ་དུག་གི་སྐྱེས་བུ་དང་། །ཉམས་པ་བདུན་ལྡན་ཞིང་བཅུའི་དགྲ་བོ་སོགས། །བསྟན་འགྲོ་ཡོངས་ལ་གནོད་པའི་བགེགས་རིགས་ཀུན། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གར་གནས་ཀྱང་། །སྐད་ཅིག་རང་དབང་མེད་པར་འདིར་ཁུག་ལ། །མྱུར་དུ་སྒྲོལ་བའི་ཐུགས་དམ་དུས་ལ་བབ། །མི་མིན་མིར་བརྫུ་ལྷ་མིན་ལྷར་བརྫུ་ཞིང་། །དམ་སྲིའི་སྤྲུལ་པ་མཁས་པའི་ཚུལ་བཟུང་ནས། །བློ་དམན་ལོག་པའི་ལམ་ལ་སྒྱུར་བ་ཡི། །གསང་སྔགས་བསྟན་པའི་དགྲ་སྡེ་མྱུར་དུ་ཆོམས། །རྒྱལ་དབང་པདྨའི་བསྟན་པ་བཤིག་མཁན་པོ། །མཐོ་དམན་དྲག་ཞན་གང་གི་ཁྲོད་ནས་ཀྱང་། །ལོ་དང་ཟླ་བ་ཞག་ཏུ་མ་འགྱང་བར། །ད་ལྟ་མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད། །ནྲྀ་ཏྲི་མ་ར་ཡ་ཧཱུཾ་ཕཊ་བྷྱོ་བཟློག་ཅིག་ཨཱཿ གཏོར་མ་དགྲ་ཕྱོགས་སུ་འཕངས། ཅེས་པ་འདི་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱིས་སོ། །སྒྲུབ་མཆོད་སོགས་གཏོར་བཟློག་གང་གི་སྐབས་སུ་ཆད་ཐོའི་མཇུག་ཏུ་གསུང་ན་ལེགས་པར་འགྱུར་རོ།། །།དགེའོ།། དགེའོ།། །།