གནས་མཆོག་གྲུ་འཛིན་བདེ་ཆེན་འགྱུར་མེད་རྫོངས་དཔལ་ལྡན་ཡོན་ཏན་བརྩེགས་པའི་དགའ་ཚལ་ཆེན་པོར་ཅུང་ཟད་བསྟོད་པ་གཞན་གསོས་བུ་མོའི་དྲུག་འགྱུར། ཡི་དམ་རྡོ་རྗེ།
གནས་མཆོག་གྲུ་འཛིན་བདེ་ཆེན་འགྱུར་མེད་རྫོངས་དཔལ་ལྡན་ཡོན་ཏན་བརྩེགས་པའི་དགའ་ཚལ་ཆེན་པོར་ཅུང་ཟད་བསྟོད་པ་གཞན་གསོས་བུ་མོའི་དྲུག་འགྱུར་ཞེས་བྱ་བ།
༼གླ་ཡུམ༽
རྒྱལ་ཀུན་བརྩེ་ཆེན་མཚན་དཔེའི་སྐུར་སྨིན་ཁམས་གསུམ་འགྲོ་བའི་དཔལ་ཤར་ཡང་། །
སྨོན་ལམ་མཆོག་གི་སྤྱ༵ན་ར༵ས་ཡངས་པས་བསིལ་ལྡན་ཁ་བའི་ལྗོངས་ཉིད་དུ། །
རྣམ་ཀུན་གཟི༵གས་པའི་དམ་བཅའ་ལེགས་བཟུང་གང་འདུལ་སྤྲུལ་པའི་ཉིན་བྱེད་འབུམ། །
མངོན་པར་སྤྲོ་མཛད་གྲུ་འཛིན་མགོན་དེས་ཀུན་ནས་ཤིས་པའི་དགེ་ལེགས་སྩོལ། །
བསྟ༵ན་པའི་སྙིང་པོ་སྙིང་ཐིག་མན་ངག་ཞུན། །
སྙིང་གི་ཐིག་ལེར་སྲུ༵ང་ཞིང་ཚེ༵་ཆོས་འདིར། །
ས་ལམ་དབ༵ང་བར་འདུན་སོགས་བཞེད་སྐོང་ཕྱིར། །
གཞན་གསོས་བུ་མོའི་དྲུག་འགྱུར་སྒྲོག་ལ་བྲེལ། །
འཛམ་གླིང་ཡང་རྩེར་འགྱིང་བ་ཡི། །
གངས་ཅན་ཤར་ཕྱོགས་མདོ་ཁམས་སྨད། །
གཡུ་ལུང་དགའ་བ་བརྒྱ་ལྡན་པའི། །
ས་ཡི་རྟེན་ཕུར་འཕགས་པའི་གནས། །
གྲུ༵་འཛི༵ན་མགོན་པོས་གྲུ་འཛིན་ཞིང་ནས་བྱིན་རླབས་འོད་དཀར་འདི་རུ་སྤྲོས། །
རྒྱལ་བ་གཉིས་པས་རྒྱལ་བའི་བྱིན་ལྡན་ཟབ་གཏེར་གནས་འདིའི་ལྟོ་བར་བསྟིམས། །
གཡུ་མཚོའི་བདག་པོས་གཡུ་མཚོའི་ཀློང་ནས་གནས་གཏེར་བསྟན་པའི་སྲུང་མ་མཛད། །
བདེ༵་ཆེ༵ན་ཡེ་ཤེས་འགྱུ༵ར་བ་མེ༵ད་པ་ངང་གིས་འཆར་བའི་ཡང་རྫོ༵ངས་བསྔགས། །
སེང་ཆེན་རྗེ་དང་བཻ་རོ་གཡུ་སྒྲ་སྙིང་། །
ལྷ་ལུང་དཔལ་རྡོར་རྒྱལ་བ་ཀརྨ་པ། །
ཉི་ཟླ་སྙིང་པོ་ལུང་རིག་གླིང་པ་སོགས། །
དམ་པ་དུ་མས་ཞབས་བཅགས་བྱིན་གྱིས་བརླབས། །
རྒྱལ་བ་བྱང་ཆུབ་སྤྲུལ་པའི་རོལ་ག༵ར་དག་སྣང་ཆོས་ལ་མངའ་དབ༵ང་བསྒྱུར། །
བསམ་ཡས་ཆོས་ཚུལ་རྒྱ་མཚོའི་མཐར་སོན་འཇི༵གས་མེ༵ད་སྤོབས་པའི་མཆོག་ཐོབ་ཅིང་། །
མི་མཐུན་རྒོལ་བའི་ཕྱོགས་ལས་རྣ༵མ་རྒྱ༵ལ་གྲགས་སྙན་ཕྱོགས་སུ་གཡོ་བ་དེས། །
རབ་ཚེས་མེ་མོ་སྦྲུལ་་གྱི་ལོ་ལ་གནས་འདིའི་ཐོག་མའི་སྒོ་འཕར་ཕྱེས། །
གནས་འདིའི་ཕྱི་དབྱིབས་རྒྱལ་ཀུན་སྙིང་རྗེའི་གཏེར། །
སྡུག་བསྔལ་རང་གྲོལ་མགོན་གྱི་སྐུའི་རང་བཞིན། །
ཕྱོགས་ཀྱི་རི་ཕྲན་བྱེ་བས་འདུད་པ་ནི། །
ལྷ་བརྒྱའི་གཙུག་གི་ནོར་བུས་མཆོད་པ་འདྲ། །
ཕྱི་ལྟར་ས་སྤྱོད་ཞིང་ཁམས་པོ་ཏ་ལ། །
ནང་ལྟར་བཅོམ་ལྡན་བདེ་མཆོག་འཁོར་ལོའི་གནས། །
གསང་བ་འོག་མིན་ཆོས་དབྱིངས་ཕོ་བྲང་དངོས། །
དཔ༵ལ་ལྡ༵ན་ཡོ༵ན་ཏ༵ན་བརྩེ༵གས་པ༵འི་དག༵འ་བའི་ཚ༵ལ། །
ཡིད་འོང་ལྗོན་པའི་ཚལ་རྣམས་ཉམས་དགའ་ཞིང་། །
མེ་འབྲས་ལོ་མའི་སྐྱེད་ཚལ་མིག་གི་དཔྱིད། །
རི་སྐྱེས་རྩེད་འཇོར་རོལ་བ་བག་གྲོ་བས། །
མཐོ་རིས་དཔལ་ཡོན་ས་ལ་འཕོས་པ་འདྲ། །
ཤ༵ར་གྱི་མཐོངས་ཡངས་གྲོགས་ལམ་དཀར་པོར་རྒྱ་སྟ༵ག་ཁྲ་མོའི་འཛུམ་དྲུག་བཀྲ། །
ལྷོ༵་ཡི་རི་སྤུང་གཡང་གི་ལམ་མཛེས་གཡུ་འབྲུ༵ག་སྔོན་མོ་ཚང་ནས་རྡོལ། །
ནུ༵བ་རི་བཙན་པོས་འགག་སྒོ་ལེགས་བསྡམ་མཁ༵འ་ལྡི༵ང་དབང་པོས་སྒྲོ་གཤོག་བརྐྱངས། །
བྱ༵ང་རི་དར་གྱི་ཡོལ་བ་ལེགས་བྲེས་རུ༵ས་སྦ༵ལ་རྒྱལ་པོ་མཚོ་རུ་རྩེན། །
གནས་འདིར་རྒྱལ་ཀུན་གསང་གསུམ་བཀོད་པ་རྫོགས། །
འབྲེལ་ཚད་སྐུ་གསུང་ཐུགས་སུ་འགྲུབ་པའི་བརྡར། །
ཨོཾ་ཨཱཿཧཱུཾ་གསུམ་མ་བྲིས་རང་བྱོན་ལ། །
རྩ་གསུམ་ལྷ་དང་སྲུང་མའི་བྱིན་འོད་འཐིབ། །
གནས་དབུས་སྤྱ༵ན་གཟི༵གས་བྲ༵ག་གི་མདུན་ངོས་ན། །
གངས་ཅན་འགྲོ་བའི་སྐྱབས་གཅིག་འཇིག་རྟེན་དབང་། །
མ་བཀོད་མངོན་པར་གསལ་བའི་དགེ་མཚན་གྱིས། །
མོས་ལྡན་སྐྱེ་བོའི་ལས་སྒྲིབ་སྦྱོང་བར་བྱེད། །
གཡས་ཕྱོགས་འཇ༵མ་དབྱ༵ངས་བྲ༵ག་གི་ངོས། །
རལ་གྲི་པུསྟི་མདའ་དང་གཞུ། །
གཡོན་ཕྱོགས་གས༵ང་བད༵ག་གན༵ས་རི༵་ལ། །
གནམ་ལྕགས་རྡོ་རྗེ་རང་བྱོན་གསལ། །
ཡིད་འཕྲོག་བྲག་རིའི་ངོས་ན་རང་ཤར་བའི། །
གཡས་སུ་འཁྱིལ་བ་བཀྲ་ཤིས་ཆོས་ཀྱི་དུང་། །
སྲིད་ཞིའི་ཁམས་ན་འུར་བའི་སྒྲ་དབྱངས་ཀྱིས། །
རྩ་གསུམ་དམ་ཅན་དུས་ཀུན་གནས་འདིར་བསྡུ། །
སྨྲ་བའི་དབང་ཕྱུག་ལོ་ཆེན་བཻ་རོ་དང་། །
རྒྱལ་མོ་རོང་པ་གཡུ་སྒྲ་སྙིང་པོའི་ཞབས། །
མི་སྲུན་མཐར་བྱེད་ལྷ་ལུང་དཔལ་རྡོར་བས། །
སྒྲུབ་པ་མཛད་པའི་སྒྲུབ་ཕུག་བྱིན་ནུས་ལྡན། །
ནོ༵ར་བུ༵་བྲ༵ག་གི་གཡས་ངོས་ན། །
སྒྲོལ་དཀར་ཡིད་བཞིན་འཁོར་ལོ་དང་། །
ཁྱུ༵ང་ཆེ༵ན་བྲ༵ག་གི་འདབ་རོལ་ན། །
ཐུབ་དབང་བཞེངས་སྐུ་རང་བྱོན་གསལ། །
གཞན་ཡང་གསུང་མཆོག་ཡི་གེ་དྲུག་མ་དང་། །
དཔལ་དགུའི་ཐུགས་སྲོག་ཧཱུྃ་ཡིག་དགུ་ཡིས་མཚོན། །
ཡིག་འབྲུ་ཕྱག་མཚན་བརྡ་རིས་མཆོད་རྫས་སོགས། །
མདུན་རོལ་བྲག་ངོས་རྣམས་སུ་མངོན་པར་བཀྲ། །
གནས་རིའི་དབུ་རྩེར་མཐོང་གྲོལ་ཆོ༵ས་རྩི༵ག་བྲ༵ག །
ཕྱི་ལྟར་གསུང་རབ་གླེགས་བམ་བརྩེགས་པའི་དབྱིབས། །
ནང་ལྟར་གཏེར་ཆོས་མཁའ་འགྲོའི་བརྡ་ཡི་མཛོད། །
གསང་བ་འབུམ་ཕྲག་རྒྱུད་ཀྱི་གཞལ་ཡས་ཁང་། །
གཡུ་སྒྲས་ཟར་གྱི་སྲིན་མོ་བཏུལ་བ་ཡི། །
བག་ཆགས་འཁོར་རྒྱུན་གཅོད་ཕྱིར་གནས་འདི་རུ། །
སྒྲུབ་པ་མཛད་ཚེ་བཻ་རོས་རྫུ་འཕྲུལ་གྱིས། །
གཏེར་ནས་བཏོན་པའི་སྒྲུབ་ཆུ་ནུས་བཅུད་ལྡན། །
གང་ཞིག་འཁོར་བའི་འཇིགས་པས་ཡིད་སུན་ནས། །
གཏན་བདེའི་ལམ་ལ་སྙིང་ནས་སྨོན་པ་རྣམས། །
སྐྱེ་འཆི་བར་དོ་སྒྲོལ་འཕྲང་ལ་ཞུགས་ན། །
ལུགས་འབྱུང་སྲིད་པའི་འཁོར་ལོ་ལྡོག་པར་འགྱུར། །
རྒྱལ་ཀུན་གསུང་གི་དབང་ཕྱུག་དབྱངས་ཅན་མ། །
གདུལ་དཀའི་གཤེད་དུ་ཁྲོས་པ་རེ་མ་ཏི། །
བཀའ་ཉན་མཁའ་འགྲོ་ཆུ་སྲིན་གདོང་ཅན་བཅས། །
ཆོ༵ས་སྐྱོ༵ང་བྲ༵ག་གི་ངོས་ན་ལམ་མེར་གསལ། །
ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ་ཕྱིར་ཁྲོ་འཁྲུགས་རྔམ་པའི་དབུ་བརྒྱད་བརྗིད། །
སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་ཕྱིར་ཞི་ཞིང་བཞད་པའི་ཞལ་རས་མཛེས། །
བྱ་ར་བགྱིད་པའི་བྱ་རོག་དབུ་དང་སྤྱན་སྟོང་རབ་འབར་རཱ་ཧུ་ལའི། །
འཇིགས་རུང་སྐུ་བརྙན་རང་བྱོན་བཀྲ་བ་དམ་ལྡན་སྙིང་གི་དགའ་སྟོན་ཉིད། །
ཁམས་གསུམ་ལེགས་ཉེས་འབྱེད་པའི་སྤྱན་གཅིག་འཕྲུལ། །
དགྲ་སྙིང་དྲུང་ནས་འབྱིན་པའི་ཚེམས་གཅིག་གཙིགས། །
སྒྲུབ་མཆོག་བུ་བཞིན་སྐྱོང་བའི་ནུ་གཅིག་མ། །
རལ་གཅིག་དབྱིངས་ཀྱི་རྒྱལ་མོ་བཀྲག་ཏུ་འབར། །
བདེ༵་གཤེ༵གས་དབྱི༵ངས་ཀྱི༵་སྒྲུ༵བ་ཕུ༵ག་ན། །
དཔལ་དགུའི་བསྲུང་བཟློག་འཁོར་ལོ་རྣམས། །
བསྲུང་དང་བཟློག་པའི་ནུས་ལྡན་པ། །
ལས་སྐལ་ལྡན་པའི་གཅེས་ནོར་ཉིད། །
གཡས་ཀྱི་ལུང་པར་རྡོ་རྗེ་གླུ༵་མ༵་ཡིས། །
རྒྱུད་མང་དབྱངས་དང་བསྡེབས་པའི་བརྡ་གླུ་ལེན། །
གཡོན་གྱི་ལུང་པར་རྡོ་རྗེ་གླི༵ང་བུ་མས། །
སྙན་འཇེབས་གླིང་བུའི་སྒྲ་ཡིས་བསྟོ༵ད་པར་བྱེད། །
མདུན་ཐང་རྡོ༵་རྗེ༵་ག༵ར་མ༵འི་བྲོ༵་ར༵་ན། །
གནས་གསུམ་དཔའ་བོ་མཁའ་འགྲོས་བྲོ་གར་འཁྲབ། །
མཆོ༵ད་སྤྲི༵ན་བྲ༵ག་ལ་རྡོ་རྗེ་མེ་ཏོག་མས། །
པདྨ་དཀར་པོའི་ཆར་བ་འབེབས་ཚུལ་མཛེས། །
འཇིགས་མེད་རྣམ་པར་རྒྱལ་བའི་ཕྱག་སོར་ལས། །
རྣམ་པར་འཕྲུལ་བའི་ཐུན་མིན་ཆ་ཚད་ཅན། །
སྒྲིབ་སེལ་མཆོད་རྟེན་སྤྱན་གཟིགས་ཡིག་དྲུག་སོགས། །
མཐོང་བ་དོན་ལྡན་རྟེན་མཆོག་བགྲང་ལས་འདས། །
རྒྱབ་དུ་རྔམ་བརྗིད་རྫ་སྤང་ལྷུན་པོ་སྤྲིན་དང་སྨུག་པའི་མགུལ་ཆིང་ཅན། །
རྩེ་མོ་དགུང་སྔོན་དབྱིངས་སུ་སྙེགས་པས་ཉི་ཟླ་རྣ་བའི་རྒྱན་དུ་སྤྲས། །
གཡས་གཡོན་གཡུ་མཚོ་ཟུང་གིས་མཛེས་པས་སྨན་གཏོར་རཀྟའི་མཆོད་པ་ཚང་། །
གནས་གཏེར་སྲུང་མ་སྐུ་ལྷ་དངུལ་རྫི་རྡོ་རྗེ་དབང་བསྡུད་རྩལ་དུ་གྲགས། །
བཀའ་ཉན་བློན་པོ་གསུམ་གྱིས་བསྟན་པ་སྐྱོང་། །
དགྱེས་སྐོང་ཀླུ་སྨན་གསུམ་གྱིས་ལོ་ཕྱུག་སྤེལ། །
ཡིད་འོང་ལྷ་སྲས་གསུམ་གྱིས་ཕྱྭ་གཡང་སྡུད། །
རབ་ཁྲོས་ལས་མཁན་གསུམ་གྱིས་བསྟན་དགྲ་སྒྲོལ། །
དུས་འགྱུར་འཚུབ་མས་སྐྱེ་འགྲོའི་རྒྱུད་གཡོས་རྟེན་གསུམ་བཤིག་བསྲེག་གཅོག་པའི་སྐབས། །
སྒྲིབ་ཀུན་སེལ་བའི་མཆོད་རྟེན་ཞལ་ཁེབ་འབྲོག་མིས་སྦྲ་ཡི་སྒོར་བཞག་ཚེ། །
གནས་གཏེར་བདག་པོས་རྡོ་ཡི་ཆར་ཕབས་རྒད་པོ་བྲེད་ཅིང་སྔངས་བྱས་ཕྱིར། །
སུས་ཀྱང་གནས་འདི་གཞོམ་མ་ནུས་པའི་ངོ་མཚར་གཏམ་གྱིས་དྭངས་བ་འདྲེན། །
གྲུབ་པའི་དབང་ཕྱུག་ལུང་རྟོགས་རྒྱལ་མཚན་གྱིས། །
སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་ཉེར་གཟིགས་ཚེ། །
མནོལ་རྩོག་ཉམས་པའི་གྲིབ་ཀྱིས་མ་གོས་པའི། །
གནས་འདི་བྱིན་ལྡན་གཞན་ལས་འཕགས་ཅེས་བསྔགས། །
ཤར་རིའི་ཕྲག་ནས་ཆས་པའི་ཉིན་བྱེད་དབང་། །
དད་པའི་ཤུགས་ཀྱིས་གནས་འདིའི་མདུན་བདར་ཡང་། །
ངོ་མཚར་ཞིང་གི་བཀོད་པས་ཡིད་ཕྲོག་ནས། །
ཆུ་ལྷའི་པང་ནས་ཕྱི་མིག་ཡང་ཡང་ཤོར། །
སྒྲ་དབྱངས་ལྷ་མོའི་མིང་པོ་རི་བོང་འཛིན། །
གནས་འདིའི་སྙན་དང་གྲགས་པས་དྲངས་གྱུར་ནས། །
རྒྱུ་སྐར་ལྷ་མོ་རྣམས་དང་ལྷན་ཅིག་ཏུ། །
གླིང་བཞིའི་མཁའ་ལ་རྒྱུ་བའི་ཟོལ་གྱིས་ལྷགས། །
དྭངས་བསིལ་གཡུ་ཆུ་སྔོན་མོ་སྒེག་འགྲོས་ཀྱིས། །
མཐའ་བྲལ་ཀླུང་དུ་ལྟད་མོར་ཆས་པ་ཡང་། །
འཕགས་པའི་གནས་ཀྱི་ལང་ཚོར་ཡིད་ཆགས་ནས། །
གཡས་འཁྱིལ་ལན་དགུའི་དུང་བའི་ཟུར་མིག་ཤོར། །
ཕ་རོལ་རྨ་ལུང་དཀྱིལ་འཁོར་སྒང་ན་ལྷང་ངེར་བརྗིད་པའི་དེའུ་ཡང་། །
རིན་ཆེན་གཡུ་ཡི་མཆོད་སྟེགས་སྟེང་དུ་འདོད་འབྱུང་ཡིད་བཞིན་དབང་གི་རྒྱལ། །
ལེགས་པར་བཀོད་དེ་འཕགས་པའི་གནས་འདིར་མཆོད་སྤྲིན་སྟོབས་པའི་ངང་ཚུལ་དུ། །
ཕུན་ཚོགས་བྱེད་པོས་ཆེད་དུ་བསྐྲུན་པའི་ཡ་མཚན་ལྟད་མོ་མིག་གི་དཔྱིད། །
གནས་འདིར་ཕྱག་སྐོར་རྟེན་བཞེངས་སྒྲུབ་བརྩོན་ན། །
བྱིན་ནུས་སྟོབས་མྱུར་ཕན་ཡོན་རྒྱ་ཆེ་བ། །
གཞན་མའི་གནས་ལས་ཁྱད་པར་འཕགས་པའི་ཕྱིར། །
དུས་ཀུན་དགེ་ལ་འབུངས་ཤིག་གྲོགས་པོ་དག །
གནས་འདིའི་རང་བཞིན་ཐོས་པའི་ཚེ། །
སྐྱེ་བོ་ཕྱོགས་རེའི་མིག་ཅན་དག །
ཆགས་སྡང་གཏམ་ལ་མི་ཞུགས་པར། །
གནས་འདིར་ལན་ཅིག་ཕེབས་པར་འཚལ། །
བདག་སོགས་སྐྱེ་དང་སྐྱེ་བའི་ཕྲེང་བ་རུ། །
གནས་འདིར་དགེ་ལ་བརྩོན་པའི་གྲོགས་སུ་གྱུར། །
མཐར་ཐུག་མི་འབྲལ་ཚོམ་བུ་གཅིག་ཉིད་ཏུ། །
ངེས་དོན་སྤྱན་གཟིགས་རང་ཞལ་མཇལ་བར་སྨོན། །
དེ་ལྟར་ངོ་མཚར་གྲུ་འཛིན་གནས་མཆོག་ལ། །
བསྟོད་ཚིག་སྙན་པའི་གླུ་རུ་བླངས་པའི་དགེས། །
འགྲོ་ཀུན་ཞི་བ་མཆོག་གི་ལམ་བགྲོད་ནས། །
གྲུ་འཛིན་མགོན་པོའི་ཞབས་དྲུང་འཁོད་གྱུར་ཅིག །
ཅེས་གནས་བསྟོད་གཞན་གསོས་བུ་མོའི་དྲུག་འགྱུར་ཞེས་པ་འདི་ནི། མདོ་ཁམས་གཡུ་རོང་ཕྱོགས་ཀྱི་ཐུན་མིན་ཆོས་ཀྱི་མཆེད་པོ་དུ་མས་ལན་མང་བསྐུལ་བའི་ཞལ་ངོ་མི་ལྡོག་ཆེད། གང་དྲན་སྨྲ་བའི་སྨྱོན་པ་ཡི་དམ་རྡོ་རྗེར་འབོད་པས་རང་ཉིད་གནས་འདིར་ཐོག་མར་སླེབས་པའི་དུས་སྐབས་ཏེ། བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་ཧོར་ཟླ་གཉིས་པའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན་གནས་དེ་རུ་སྦྱར་བ་འགྲོ་ཀུན་འཕགས་པས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །