རྨོག་ཆེན་རྣམ་རྒྱལ་བྲག་རྫོངས་ཀྱི་གནས་བསྟོད་རྫ་བྱ་གོང་མོའི་གྲེ་འགྱུར། ཡི་དམ་རྡོ་རྗེ།
ཀུན་བཟང་ཆོས་སྐུའི་བླ་མ་འོད་མི་འགྱུར། །
ལྔ་ལྡན་ལོངས་སྐུའི་བླ་མ་རྡོ་རྗེ་སེམས། །
སྣ་ཚོགས་སྤྲུལ་སྐུའི་བླ་མ་ཐོད་ཕྲེང་རྩལ། །
སྐུ་གསུམ་ཡོངས་འདུས་བླ་མས་དགེ་ལེགས་སྩོལ། །
འཕགས་པའི་གདུལ་ཞིང་བསིལ་ལྡན་ཁ་བའི་ལྗོངས། །
འཛིན་མའི་ཐིག་ལེ་གཡུ་ཡི་སྨན་ལྗོངས་ཕྱུག །
པདྨ་རྣམ་པར་བཀྲ་བའི་གནས་མཆོག་ནས། །
ཤར་ཕྱོགས་རྟ་པའི་ཚུགས་ལམ་གཅིག་གི་མཚམས། །
ས་དམར་གཡུ་ཡི་མཚོ་མོའི་རྒྱབ་ཀྱི་ཕྱོགས། །
གཡུ་འབྲུག་ཆེ་ཆུང་འདུས་པའི་གཡོན་གྱི་ཆར། །
རྨོག་ཆེན་རྨོག་ཆུང་འདུས་པའི་དབུ་རྩེ་ན། །
རྣམ་རྒྱལ་བྲག་རྫོངས་སྐུ་གསུམ་ཕོ་བྲང་བརྗིད། །
སྟེང་ཁང་འོག་མིན་ཆོས་དབྱིངས་ཕོ་བྲང་ན། །
ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས། །
ཉིད་ལས་མི་གཞན་རྒྱལ་བའི་འཁོར་ཚོགས་ལ། །
དགོངས་བརྒྱུད་ངེས་པ་དོན་གྱི་ཆོས་འཁོར་བསྐོར། །
བར་ཁང་མངོན་པར་དགའ་བའི་གཞལ་ཡས་ན། །
ལོངས་སྐུའི་སྟོན་པ་རྡོ་རྗེ་སེམས་དཔའ་ཡིས། །
ས་བཅུའི་བྱང་ཆུབ་སེམས་དཔའི་འཁོར་ཚོགས་ལ། །
ཐེག་ཆེན་ཆོས་ཀྱི་བགོ་སྐལ་འགྱེད་པའི་ཚུལ། །
འོག་ཁང་རྔ་ཡབ་སྲིན་པོའི་གྲོང་ཁྱེར་ན། །
སྤྲུལ་སྐུའི་སྟོན་པ་ཐོད་ཕྲེང་སྡེ་ལྔ་ཡིས། །
གདུག་ཅན་ཟ་བྱེད་སྲིན་པོའི་འཁོར་ཚོགས་ལ། །
གང་འདུལ་ཆོས་ཀྱི་གླུ་དབྱངས་བར་མེད་སྒྲོགས། །
ཕྱི་ལྟར་འདོད་དགུ་ཀུན་འབྱུང་གཏེར་གྱི་རི། །
ནང་ལྟར་སྐུ་གསུམ་རྒྱལ་བའི་ཕོ་བྲང་དངོས། །
གསང་བ་གསང་ཆེན་ཟབ་མོའི་ཆོས་ཀྱི་མཛོད། །
ལྷ་ཡུལ་ལས་ལྷག་དབེན་པའི་རི་འདི་རྨད། །
གཡས་ན་བདུད་རྩི་སྨན་གྱི་ཆུ་རྒྱུན་འབབ། །
གཡོན་ན་ཆགས་མེད་རཀྟའི་རྦ་རླབས་གཡོ། །
དབུས་རི་རྔམས་བརྗིད་དཔལ་གྱི་གཏོར་མ་སྟེ། །
གསང་ཆེན་སྒྲུབ་རྫས་མ་བཀོད་རང་བྱུང་མཛེས། །
རྩིབས་སྟོང་འཁོར་ལོའི་ནམ་མཁའ་མཐོང་ཡངས་ཤིང་། །
ས་དབྱིབས་འདབ་སྟོང་པདྨའི་མཛེས་སྡུག་དགོད། །
མཐའ་སྐོར་མི་མིན་སྡེ་བརྒྱད་དྲེགས་ཚོགས་ཀུན། །
སྐུ་གསུམ་གླིང་ལ་འདུད་པའི་ངང་ཚུལ་བཟང་། །
འོག་ཏུ་ངམ་གནག་རྫ་བྲག་རི་ལུང་འདུས། །
འཇིགས་རུང་རིགས་དྲུག་འཁོར་བའི་གཡང་ས་དང་། །
རྒྱབ་ཕྱོགས་ཉིན་ཡག་རྡོ་དཀར་ཉག་ལམ་གྱིས། །
གཏན་བདེའི་ཐར་ལམ་འདི་ཞེས་སྟོན་དང་མཚུངས། །
བགྲང་བྱ་བཅུ་ཕྲག་བདུན་གྱི་གོང་རོལ་ནས། །
གར་གྱི་དབང་པོ་འཇིགས་མེད་རྣམ་རྒྱལ་བས། །
གནས་འདིའི་སྒོ་ཕྱེས་མཐིང་མཚོ་ཕྱུག་མོ་དང་། །
གནས་སྲུང་ནོར་བུ་བསམ་འཕེལ་གཉིས་ལ་གཏད།
དམ་ལྡན་ཆོས་མཛད་བུ་བཞིན་སྐྱོང་བ་དང་། །
ལོག་ལྟ་ཅན་ཀུན་རྡུལ་དུ་རློགས་ཤིག་ཅེས། །
མི་འདའ་རྡོ་རྗེའི་ཐ་ཚིག་བསྒྲག་བྱས་ནས། །
རྡོ་རྗེའི་སྐྱ་བྲོ་འཁྲབས་པའི་ཤུལ་རྟེན་གསལ། །
རི་མཐོ་ལུང་གཟར་རྫ་བྲག་འཕྲང་བརྒལ་ནས། །
དབེན་པའི་གནས་མཆོག་རྒྱལ་བའི་ཕོ་བྲང་ལ། །
ལྷག་བསམ་དག་པས་མཇལ་ཕྱག་བསྐོར་བྱས་ན། །
གཞན་མའི་གནས་ལས་བྱིན་རླབས་ཆེ་བར་ངེས། །
གནས་འདི་མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །
ཚེ་འདིར་འགལ་རྐྱེན་བར་ཆད་ཞི་བ་དང་། །
མཐར་ཐུག་སྐུ་གསུམ་རྒྱལ་བའི་དགོངས་ཀློང་དུ། །
དབྱེར་མེད་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །
ཅེས་པའང་ཡི་དམ་རྡོ་རྗེས་བྲིས། །