ཐ་མར་འབྲས་བུའི་གྲོལ་ཚུལ་བསྟན་པ།གནས་སྐབས་ཀྱི་འབྲས་བུ།དོན་གསུམ་པ་ཐ་མ་འབྲས་བུའི་གྲོལ་ཚུལ་བསྟན་པ་ལ་གནས་སྐབས་ཀྱི་འབྲས་བུ། མཐར་ཐུག་གི་འབྲས་བུ། ཞར་ལ་ཡོངས་སུ་རྫོགས་པ་མཇུག་གི་དོན་དང་གསུམ་ལས། དང་པོ་ལ་སའི་ནོན་ཚུལ། སངས་རྒྱས་ཚུལ། རྟགས་བྱུང་ཚུལ་གསུམ་ལས། དང་པོ་རང་ཤར་ལས། ས་ཞེས་བྱ་བ་གུད་ན་ཡོད་པ་མ་ཡིན་ཏེ། བདེན་པ་མཐོང་བའི་གང་ཟག་གཅིག་ལས་རྣམས་རྫོགས་ནས་ཡོད་དོ། །དེ་ཡང་ངོ་སྤྲོད་བསྟན་པའི་གང་ཟག་དེ་དང་པོ་བདེན་པ་མཐོང་བའི་དུས་ན། དེ་ཡང་དགའ་བ་སྐྱེས་པ་དེ་ནི་ས་དང་པོ་རབ་ཏུ་དགའ་བའོ། །དེའང་རང་གི་སྣང་བ་ཡིན་པར་ཤེས་པ་དེ་ནི་ས་གཉིས་པ་དྲི་མ་མེད་པ་ཡིན་ནོ། །དེ་ནས་དེ་ལ་གོམས་པ་དེ་ནི་ས་གསུམ་པ་འོད་བྱེད་པ་ཐོབ་པ་ཡིན་ནོ། །དེ་ནས་དེ་ལ་གོམས་ནས་འོད་ཀྱི་སྣང་བ་མཐོང་བ་དེ་ནི་ས་བཞི་པ་འོད་འཕྲོ་བའི་ས་ནོན་པའོ། །དེའི་ཡེ་ཤེས་ཀྱི་སྣང་བ་མཐོང་བ་དེ་ལ་གོམས་ནས་ཉོན་མོངས་པ་ཐམས་ཅད་རང་བཞིན་གྱིས་སྦྱངས་ནས། ཡེ་ཤེས་མཐོང་བ་དེ་ནི་ས་ལྔ་པ་སྦྱང་དཀའ་བའི་ས་ནོན་པའོ། །དེ་ནས་འོད་ལས་ཐལ་བའི་སྐུ་མཐོང་བ་དེ་ནི་ས་དྲུག་པ་མངོན་དུ་གྱུར་པའི་ས་ནོན་པའོ། །དེ་ནས་གོམས་པ་མཐར་ཕྱིན་ནས་ཉོན་མོངས་པ་རིང་དུ་སྤངས་པའི་ཆོས་བདུན་པ་རིང་དུ་སོང་བའི་ས་ནོན་པའོ། །དེ་ནས་དེའི་ངང་ལ་ཡོན་ཏན་(༢༢༨)རྫོགས་པ་ནི་ས་བརྒྱད་པ་མི་གཡོ་བའི་ས་ནོན་པའོ། །དེ་ནས་གོམས་པ་མཐར་ཕྱིན་ནས་ཡོན་ཏན་དེ་དག་ལས་མི་གཡོ་བར་གནས་པ་ནི་ས་དགུ་པ་ལེགས་པའི་བློ་གྲོས་ཀྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་ཤེས་པ་ཟིན་ནས་སྣང་བ་ལྷུག་པར་ཤར་བ་ནི་ཆོས་ཀྱི་སྤྲིན་ལྟ་བུ་མཐོང་ནས་ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་ནོན་པའོ། །དེ་ནི་གང་ཟག་བདེན་པ་མཐོང་བས་དབུགས་འདི་ཉིད་མ་བོར་བ་ལ་ས་ནོན་པའོ། །གང་ཟག་དབུགས་བོར་བ་རྣམས་ལ་འདི་ལྟར་ས་ནོན་པ་ཡིན་ནོ། །འཁྲུལ་སྣང་འགགས་ནས་ཚོམ་བུའི་སྣང་བ་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན་པའོ། །དེ་ཡང་སྣང་བ་དེ་ལ་མ་ཆགས་པར་ཕྱི་ནང་གི་ཆོས་ཐམས་ཅད་ཀྱིས་མ་གོས་པ་ནི་ས་བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་ནོན་པའོ། །ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཟེར་ཐག་ཤར་ནས་ནམ་མཁའི་མཐོངས་ནས་འོད་ཀྱི་ཚོམ་བུ་ལྔའི་འཁོར་ལོའི་ཚུལ་དུ་གནས་པ་ནི་ས་བཅུ་གསུམ་པ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་གནས་པ་ནི་བཅུ་བཞི་པ་བདེ་བ་ཆེན་པོའི་ས་ནོན་པའོ། །དེ་ནས་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་པ་ནི་བཅོ་ལྔ་པ་ཏིང་ངེ་འཛིན་གྱི་ས་ནོན་པའོ། །དེ་ནས་ཀ་དག་གི་ས་ལ་ཡེ་ཤེས་ལྷུག་པར་ཤར་ནས་དེའི་གོང་ནས་གཞན་མེད་པ་ནི་བཅུ་དྲུག་པ་ཡེ་ཤེས་བླ་མའི་ས་ནོན་པའོ། །ཞེས་པ་དང་། ཀློང་གསལ་ལས། བདེན་པ་མཐོང་བའི་གང་ཟག་གིས། །དང་པོའི་ས་ནས་བཅུ་དྲུག་པར། །རིམ་པས་ཉམས་སུ་བླངས་པས་འབྱུང་། །གཞན་དང་སྒོ་བསྟུན་གནས་སྐབས་ཀྱི། །ཡོན་ཏན་འབྲས་བུ་ཐོབ་ཚུལ་ལོ། །ཞེས་གསུངས་སོ། ། མཐར་ཐུག་གི་འབྲས་བུ།གཉིས་པ་ཐུན་མོང་པ་དང་བསྟུན་ནས་སངས་རྒྱས་ཞེས་བྱ་སྟེ། ཕུང་པོ་དེ་ཉིད་རྡོས་བཅས་ཡིན་པས་ལྷག་མ་དང་བཅས་ཏེ་བོར་མ་ཐག་ཏུ་སངས་རྒྱ་བ་ཡིན་ནོ། །དེའང་ཐེག་པ་ཐུན་མོང་པ་ཀུན་གཟུགས་སྐུ་ལྷག་བཅས་ཡིན་ལ། ཆོས་སྐུ་ལྷག་མེད་དུ་འདོད་པས་གཟུགས་སྐུའི་ལྷག་མ་བུད་ཤིང་ཟད་པའི་མེ་ལྟར་ཆོས་སྐུའི་ངང་དུ་ལྷག་མ་མེད་པར་འདོད་པའི་རྟེན་ལ་མྱ་ངན་ལས་འདའ་བར་འདོད་ལ། འདིར་ཡང་བར་དོའི་གྲོལ་ཚད་ཡོད་པའི་ལུས་དེ་སྤངས་མ་སྤང་ལས་ལྷག་བཅས་ལྷག་མེད་ཅེས་བརྡ་བཏགས་པའོ། ། གསུམ་པ་སྐྱེས་བུ་དེ་འདས་པའི་ཚེ་བར་དོར་གྲོལ་བའི་རྟགས་ནི། རྟགས་ཀྱི་ཡི་གེ་གསང་བ་ཆེན་པོ་ལས། འོད་ཀྱི་ཚད་ནི་འོད་དུ་(༢༢༩)སྣང་བ་ཡིན། །ཐིག་ལེའི་ཚད་ནི་གདུང་དུ་སྣང་བ་ཡིན། །རླུང་གི་ཚད་ནི་ཕྱི་ནས་དེ་བཞིན་སྒྲ། །དབྱིངས་ཀྱི་ཚད་ནི་ས་རྣམས་གཡོ་བ་ཡིན། །སྐུ་ཡི་ཚད་ནི་ཕྱི་ནང་དེ་བཞིན་སྐུ། །འདི་རྣམས་ཀྱང་ནི་རིག་པའི་ཡོན་ཏན་ཡིན། །ཞེས་པས། འོད་གསལ་ལ་བརྟན་པ་ཐོབ་པས། པུར་སྦྱོང་བའམ་བསྐྱལ་བའི་ཚེ་འོད་ལྔ་ལྡན་དུ་སྣང་བའོ། །སྒྲོན་མ་ལ་བརྟན་པ་ཐོབ་པས་གདུང་འབྱུང་བའོ། །གཞིའི་སྲོག་རླུང་ལྔ་ལ་བརྟན་པ་ཐོབ་པས་སྒྲ་འབྱུང་བའོ། །དབྱིངས་ལ་ཚད་ཟིན་པས་ས་གཡོ་བའོ། །སྐུ་ལ་གཏན་ས་ཟིན་པས་རུས་པ་ལ་སྐུ་འབྱོན་པའོ། །དེ་ཡང་པུར་སྦྱོང་བའི་ཚེ་པུར་ཁང་གི་དབུས་སུ་འཇའ་འཁྱིལ་པ་དང་། དུད་པ་སྔོན་པོ་གྱེན་ལ་འགྲེང་བ་དང་། གཡས་སུ་འཁྱིལ་པ་དང་། མེའི་འོད་དཀར་ལ་གསལ་བ་དང་། གཡོ་འགུལ་མེད་ཅིང་མེ་ལྕེའི་རིགས་འཁོར་ལོ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་དང་། རྒྱ་གྲམ་དང་། ཨུཏྤལ་དང་། གྲི་གུག་ལ་སོགས་པ་ཕྱག་མཚན་གྱི་རྣམ་པར་འབྱུང་བ་ནི་ཕྱིར་མི་ལྡོག་པར་གྲོལ་བ་སྟེ། བཏགས་གྲོལ་སྙིང་པོའི་རྒྱུད་ལས། དེ་ཉིད་འདས་ཚེ་གདུང་བཞུ་བས། །འཇའ་འོད་ཟེར་དང་མེ་འོད་དུད་པའི་རྟགས། །གདུང་རིགས་ལྔ་འམ་གཅིག་འབྱུང་ངེས། །རྣལ་འབྱོར་ཕྱིར་མི་ལྡོག་པའི་རྟགས། །ཞེས་སོ། །དེའང་གདུང་རིགས་ལྔ་ནི་དེ་ཉིད་ལས། རྡོ་རྗེ་རིན་ཆེན་པདྨའི་གདུང་། །ལས་དང་དེ་བཞིན་གཤེགས་པའི་གདུང་། །ཤ་ཁྲག་རུས་པ་ཡན་ལག་དང་། །འབྱུང་འདུས་ལྔ་ལ་རྟེན་དུ་འབྱུང་། །ཤ་རཱི་རམ་དང་ཆུ་རཱི་རམ། །བ་རཱི་རམ་དང་ཉ་རཱི་རམ། །པཉྩ་རམ་དང་ལྔ་ལྡན་གདུང་། །རིགས་ལྔའི་གདུང་སྟེ་སྐུ་ཡང་འབྱུང་། །དེ་རྣམས་སྐུ་ཐོབ་རྟགས་ཡིན་ཏེ། །ཞེས་པས། ཤའི་རྟེན་དུ་གདུང་ཤ་རྭི་རམ་དཀར་སེར་རིན་པོ་ཆེའི་གདུང་སྟེ་ཡང་དག་གི་རྟེན་དུ་བཞག་པའོ། །ཁྲག་གི་རྟེན་དུ་ཆུ་རྭི་རམ་མཐིང་ག་རྡོ་རྗེའི་གདུང་སྟེ་སྲ་ཞིང་མཁྲེགས་པས་རྡོ་རྗེའི་གདུང་དུ་བཞག་པའོ། །རུས་པའི་རྟེན་དུ་བ་རཱི་རམ་སེར་པོ་རིན་པོ་ཆེའི་གདུང་དུ་བྱོན་ཏེ། རྒྱལ་ཚབ་ཉིད་ཀྱི་རྟེན་དུ་བཞག་པའོ། །ཡན་ལག་གི་རྟེན་དུ་ཉ་རཱི་རམ་ལྗང་གུ་ལས་ཀྱི་གདུང་སྟེ་ཤིན་ཏུ་སྲ་མཁྲེགས་ལས་ཀྱི་གདུང་དུ་བཞག་པའོ། །འབྱུང་བ་བཞིའི་དྭངས་མ་ལས་པཉྩ་རམ་འབྱོན་ཏེ་ཁ་དོག་ལྔ་ལྡན་དེ་བཞིན་གཤེགས་པའི་གདུང་དུ་བཞག་པའོ། །དེ་(༢༣༠)དག་ནི་སྐུ་ཐོབ་པའི་རྟགས་སོ། །གསུང་ནི་དེ་ཉིད་ལས། གསུང་ཐོབ་རྟགས་སུ་མེ་འོད་སྒྲ། །ཞེས་པས། མེ་འོད་འཇའ་ཚོན་འཁྱིལ་བ་ལྟ་བུ་དང་། གྱེན་ལ་འགྲེང་བ་དང་སྒྲ་འུར་འུར་པའོ། །ཐུགས་ནི་དེ་ཉིད་ལས། འཇའ་ཚོན་ནམ་མཁའ་དྭངས་གསལ་བ། །ངེས་པར་ཐུགས་ཐོབ་རྟགས་ཡིན་ནོ། །ཞེས་པས། སྙིང་ག་ནང་ན་གདོད་མའི་མགོན་པོ་འོད་ཟེར་ལྔ་ལྡན་དུ་འོད་གསལ་བའི་ལྷུན་གྲུབ་ཀྱི་རྟགས་སུ་འཇའ་ཚོན་ལྔ་ལྡན་དང་། ཀ་དག་གི་རྟགས་སུ་ནམ་མཁའ་དྭངས་ཤིང་གསལ་བའོ། །དེ་ཡང་སྔར་གྱི་གདུང་ལྔ་པོ་དེ་དག་གང་ལས་བྱུང་ན། དེ་ཉིད་ལས། གདུང་རིགས་ལྔ་ནི་འདི་ལས་འབྱུང་། །མགོ་དང་ཁྲག་དང་སྒལ་ཚིགས་དང་། །རྐང་དང་སྙིང་ལས་འབྱུང་བ་ཡིན། །ཞེས་པས། གདུང་ཤ་རཱི་རམ་མགོ་ལས་འབྱུང་། ཆུ་རཱི་རམ་ཁྲག་ལས་འབྱུང་། བ་རཱི་རམ་སྒལ་ཚིགས་ལས་འབྱུང་། ཉ་རཱི་རམ་རྐང་ལས་འབྱུང་། པཉྩ་རམ་སྙིང་ལས་འབྱུང་ངོ་། །འབྲས་བུ་གང་ཐོབ་ན་དེ་ཉིད་ལས། རྟགས་ལ་འབྲས་བུ་འདི་བཞིན་འབྱུང་། །ཤ་རཱི་ཆུ་རཱི་བ་རཱི་ཡིས། །སྐྱེ་མེད་ཡོན་ཏན་ལོངས་སྐུ་ཐོབ། །ཉ་རཱི་པཉྩ་རམ་གྱིས་ནི། །སྤྲུལ་པ་སྐུ་ལྔ་ངེས་པར་ཐོབ། །ཅེས་པས། གདུང་ཤ་རཱི་རམ་གྱིས་སྐྱེ་མེད་ཐོབ། ཆུ་རཱི་རམ་གྱིས་ཡོན་ཏན་འཕེལ། བ་རཱི་རམ་གྱིས་ལོངས་སྐུ་ཐོབ། ཉ་རཱི་རམ་གྱིས་སྤྲུལ་སྐུ་ཐོབ། པཉྩ་རམ་གྱིས་སྐུ་ལྔ་ཐོབ་པའོ། །དེ་ལྟར་ན་འོད་དང་། སྒྲ་དང་། གདུང་དང་། སྐུ་དང་། ས་གཡོ་བ་ལ་སོགས་པ་རྟགས་ཀུན་གྱིས་མཐོང་ནས་བར་དོར་གྲོལ་བ་ནི་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ལ། འོད་ལས་སུ་ཡལ་བ་ནི་དེ་དག་མེད་པས་མི་མངོན་པ་ཡིན་ཡང་། ལྷག་མ་མེད་པས་ཀ་དག་གི་གཞི་ལ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ། །དེའང་ལྷག་བཅས་བར་དོར་གྲོལ་ཚད་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ཟེར་ལ་དེ་བཞིན་དུ་སྤྲུལ་པའི་ཞིང་དུ་གྲོལ་བ་ཡང་འདིར་བསྡུ་ཞིང་། ལྷག་མེད་ཚེ་འདིར་གྲོལ་བ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟེར་ཏེ། ཀུན་ཏུ་བཟང་པོ་གཞི་ཐོག་ཏུ་གྲོལ་བ་ནི་འདི་ཉིད་དུ་འདུས་པ་ཡིན་ནོ།། །། གཉིས་པ་ཤེས་བྱེད་ཀྱི་ལུང་དགོད་པ་ནི། སྙིང་གི་མེ་ལོང་ལས། མངོན་པར་རྫོགས་པ་སངས་རྒྱས་པ་ཞེས་བྱ་བ་ནི། འོད་དང་། སྒྲ་(༢༣༡)དང་། སྐུ་དང་། གདུང་དང་། ས་གཡོ་བ་ལ་སོགས་པ་འབྱུང་ངོ་། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །ཞེས་སོ། །གསུམ་པ་འབྲས་བུ་ནི་སྐུ་གསུམ་འདུ་འབྲལ་མེད་པས་འགྲོ་བའི་དོན་ལྷུན་གྲུབ་ཏུ་བྱེད་པ་སྟེ། དེ་ཡང་གང་དུ་གྲོལ་ཀྱང་རུང་སྟེ། སྔར་གྱི་སྣང་བ་ཕྱིར་གསལ་དེ་རྣམས་ནང་གསལ་གདོད་མའི་གཞི་ལ་ཐིམ་ནས་གཞོན་ནུ་བུམ་པའི་སྐུའི་གནས་ལུགས་ལ་བཙན་ས་ཟིན་དགོས་པ་ནི། ཤེལ་གྱི་ཕྱིར་གསལ་གྱི་འོད་ལྔ་ནང་གསལ་དུ་འདུས་པ་ལྟར། ཐོག་མ་ཀ་དག་གི་གྲོལ་གཞི་ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེ་ལ་སེམས་ཀྱི་འཆར་གཞི་ཐུགས་རྗེ་དང་ལུས་དང་ཡུལ་གྱི་འཆར་གཞི་འོད་ལྔའི་ངོ་བོ་གདོད་མའི་གཞི་ལ་ནང་ཐིམ་དུ་བཞུགས་པའི་ཚེ། ཐིམ་ལ་མ་རྨུགས་པ་བུམ་ནང་གི་མར་མེ་ལྟ་བུ་གསལ་ལ་མི་རྟོག་པ་ཉི་མའི་སྙིང་པོ་ལྟ་བུ། རིག་ལ་མ་འཕྲོས་པ་ཆོས་ཉིད་ལ་མཉམ་པར་བཞག་པ་ལྟ་བུར་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ནང་གསལ་དུ་བཞུགས་ཏེ། ངོ་བོ་སྟོང་པས་སྤྲོས་པའི་མཐའ་ལས་འདས། རང་བཞིན་གསལ་བས་ལོངས་སྐུའི་(༢༣༡)འཆར་གཞི་མ་འགགས། ཐུགས་རྗེ་ཀུན་ཁྱབ་ཏུ་བཞུགས་པས་གཞན་དོན་ངང་གིས་འབྱུང་བ་སྟེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལྷུན་གྲུབ་ཆེན་པོར་བཞུགས་སོ། །དེའི་ཚེ་ཉོན་མོངས་པ་མ་ལུས་པ་དང་། འབྱུང་བའི་ལུས་ཀྱི་རྡོས་བཅས་ཐམས་ཅད་རང་སར་སངས་ཤིང་ངོ་བོ་ཆོས་སྐུར་རྒྱས་པས་སྟོང་གསལ་སྤྲོས་པ་དང་བྲལ། རང་བཞིན་ལོངས་སྐུར་རྒྱས་པས་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་བྱེད། ཐུགས་རྗེ་ཕྲིན་ལས་སུ་རྒྱས་པས་འགྲོ་དོན་རྒྱུན་མི་འཆད་པ་སྟེ། ཀློང་གསལ་ལས། ངོ་བོ་སྟོང་གསལ་ཡེ་ཤེས་སྐུ། །རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད། །དབྱེར་མེད་ཆེན་པོར་ཡེ་སངས་རྒྱས། །ཞེས་སོ། ། དེའི་ཚེ་ནང་གསལ་གཞི་གནས་ཀྱི་ཡེ་ཤེས་ལས་ངང་ངམ་ཤུགས་ཀྱིས་གཞན་དོན་གྱི་ཐུགས་རྗེ་འབྱུང་སྟེ། སྒྲོན་མ་སྣང་བྱེད་ལས། ཆོས་སྐུའི་ཡེ་ཤེས་གཞི་གནས་ཏེ། །ཤེས་པའི་ཆ་ནི་གསལ་བྱེད་ལ། །འཛིན་པ་རགས་པའི་རྟོགས་པ་མེད། །ངང་ངམ་ཤུགས་ཀྱི་ཐུགས་རྗེའོ། །གསལ་ཞིང་ཤེས་པ་རིག་དང་བཅས། །ཆ་ལ་འདྲེས་པ་མེད་པར་གནས། །ཞེས་སོ། །དེ་ལྟར་གདོད་མའི་གཞི་ནང་གསལ་ཀ་དག་གི་སངས་རྒྱས་ལ་(༢༩༢)ཡེ་ཤེས་རགས་པ་མེད་ལ་ཕྲ་བར་མ་འདྲེས་གསལ་རིག་ཙམ་དུ་བཞུགས་པའོ། །དེའང་ཡེ་ཤེས་མེད་ན་ནམ་མཁའ་སྟོང་པ་དང་འདྲ་ལ་ཆད་པར་འགྱུར་ཏེ། ལོངས་སྐུ་དང་སྤྲུལ་སྐུའི་འཆར་གཞི་མི་འཐད་ཅིང་། རགས་པར་ཡོད་ན་རྟག་པ་ཐེར་ཟུག་ཏུ་འགྱུར་བའི་སྐྱོན་ཡོད་དེ། དེ་ཉིད་ལས། དེ་ལྟར་ཡེ་ཤེས་ཆ་མེད་ན། །ཕྱི་རོལ་ནམ་མཁའ་སྟོང་པ་དང་། །ཁྱད་པར་ཉིད་ནི་ཡོད་པ་མིན། །དེ་ཕྱིར་གཞི་གནས་ཡེ་ཤེས་ཁྱབ། །ཡེ་ཤེས་མེད་ན་ཆད་པ་དང་། །ཁྱད་པར་ཅི་ཡང་ཡོད་མི་འགྱུར། །རགས་པའི་ཡེ་ཤེས་ཡོད་གྱུར་ན། །འོན་ཏེ་རྟག་པ་ཉིད་དང་མཉམ། །དེ་ཕྱིར་ཤེས་བྱ་ཉིད་དུ་ནི། །བརྟེན་ནས་ཡོད་པ་མ་ཡིན་ཏེ། །ཕྲ་བའི་ཡེ་ཤེས་ཉིད་དུ་གནས། །ཞེས་སོ། ། དེ་ལྟ་བུའི་གནས་ལུགས་ལ་ཞི་བ་ཆོས་ཀྱི་སྐུ། གདོད་མའི་གྲོལ་ས། ཡེ་ཐོག་གཞིའི་གནས་ལུགས་ཟེར་ཏེ་དེའི་ནང་གསལ་ཡེ་ཤེས་རིན་པོ་ཆེའི་སྐུ་ནི་སྟོང་གསལ་མཚན་མ་མེད་ལ། ལོངས་སྐུའི་འཆར་གཞི་ཙམ་དུ་གསལ་བས་ནང་གསལ་དུ་རིག་པ་འོད་ཀྱི་ཁང་བུ་ཅན། ངོ་བོ་ཉིད་ཀྱི་སྣང་བ་ལ་ངོ་བོ་ཉིད་ཀྱི་སྐུ་རང་སྣང་དུ་ཤར་ཡང་། ཕྱིར་གསལ་གདུལ་བྱའི་སྣང་ཡུལ་དུ་མཚན་མ་རིས་ཅན་གྱི་སྐུ་ཞལ་ཕྱག་དང་བཅས་པར་མ་གྲུབ་པས། ཆོས་སྐུ་སྟོང་གསལ་ཀུན་ཁྱབ་ཆེན་པོར་བཞུགས་སོ། །དེའི་གསུང་ནི་སྒྲ་ཚིག་དང་བྲལ་བ་བརྗོད་མེད་ཡེ་ཤེས་ཆེན་པོའི་རང་བཞིན་ནོ། །ཐུགས་ནི་རྣམ་པར་མི་རྟོགས་པའི་ཆོས་ཉིད་དྲན་སེམས་དང་བྲལ་བའོ། །ཡོན་ཏན་ནི་བཙན་ས་ཟིན་པས་རང་ཕྱིར་མི་ལྡོག་ཅིང་སྐུ་དང་ཡེ་ཤེས་ཀྱི་རོལ་པ་འགགས་པ་མེད་པར་བཞུགས་སོ། །ཕྲིན་ལས་ནི་ནང་གསལ་དུ་མི་མཛད་ལ་ཕྱིར་གསལ་གྱི་འཕྲོ་གཞི་མ་འགགས་པས། འགྲོ་བའི་དོན་རྒྱུན་མི་འཆད་པ་སྟེ། ཐལ་འགྱུར་ལས། ཆོས་ཀྱི་སྐུ་ཡི་སྐུ་དང་གསུང་། །ཐུགས་དང་ཡོན་ཏན་ཕྲིན་ལས་སོ། །སྐུ་ནི་སྟོང་དང་གསལ་བ་དང་། །མཚན་མ་མེད་པའི་རང་བཞིན་ནོ། །གསུང་གི་སྒྲ་ཚིག་མིང་བྲལ་ནས། །བརྗོད་ཅིང་གླེང་གཞི་ཉིད་བྲལ་ལོ། །ཐུགས་ནི་བསམ་དང་འགྱུར་མེད་པས། །འཕྲོ་ཞིང་སྤྱོད་པ་རྣམས་ལས་འདས། །ཡོན་ཏན་ཕྱིར་མི་འོང་དང་ལྡོག་པ་མེད། །དབྱིངས་དང་ཡེ་ཤེས་ཁྱད་པར་དང་། །རང་བཞིན་བཅོས་པ་མེད་པའོ། །ཕྲིན་ལས་མ་བྱུང་མ་སྐྱེས་བྱས་པ་མེད། །ཤུགས་འབྱུང་བ་དང་འགགས་པ་མེད། །མ་བྱས་བྱེད་པ་མེད་པའོ། །(༢༣༣)ཞེས་སོ། །དེ་ལྟར་ནང་གསལ་གྱི་དུས་ན་སྐུ་དང་ཡེ་ཤེས་དང་ཐུགས་རྗེའི་རོལ་པ་རྒྱ་མཚོར་ཆུ་བྲན་འདུས་པ་ལྟར། ཡེ་མདངས་ཆེན་པོའི་ངང་དུ་འདུས་པ་སྟེ། ལུང་ཡེ་ཤེས་མར་མེའི་རྒྱ་ཆེར་འགྲེལ་པ་མུན་སེལ་སྒྲོན་མེ་ལས། ལྷུན་གྲུབ་རིན་པོ་ཆེའི་སྦུབས་ནས་ཆོས་ཀྱི་སྐུ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་རང་བཞིན་རྣམ་དག་གི་སྣང་བ་ལ་ཤར་བའི་དུས་ན་རྒྱ་མཚོར་ཆུ་བྲན་འདུས་པའམ། ལན་ཚྭ་ཆུ་ལ་ཐིམ་པ་ལྟ་བུར་གྱུར་པས། རིག་སྟོང་དབྱེར་མི་ཕྱེད་པའི་དུས་ན། ཡེ་ཤེས་ཀྱི་སྤྱན་ལ་སྒྲིབ་པ་མེད་པར་ཕྱོགས་མེད་ཀྱི་ཡེ་ཤེས་ཆེན་པོ་ནི་སངས་རྒྱས་ཀུན་གྱི་དགོངས་པ་སྟེ། མི་འདྲ་བ་དང་མི་མཐུན་པ་མེད་པས་ཉག་གཅིག་རང་གསལ་འཛིན་མེད་དུ་གནས་སོ། །ཞེས་གསུངས་སོ། །མདོར་ན་གདོད་མའི་གཞི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་པོ་དེ་ཡིན་ཏེ། ཐལ་འགྱུར་ལས། གྲོལ་ས་ཐོག་མ་གང་ཡིན་པའོ། །ཞེས་པས་གོང་དུ་རྒྱ་ཆེར་བསྟན་ཟིན་པས་སྤྲོས་པས་ཆོག་གོ། ། གཉིས་པ་དེ་ལས་ལོངས་སྤྱོད་རྫོགས་སྐུའི་འཆར་ལུགས་ནི། ནང་གསལ་ཆོས་སྐུའི་གདངས་ལས་འགྲོ་བ་འདུལ་བྱེད་དུ་ཐུགས་རྗེ་གཡོས་པ་ལས། རིགས་ལྔའི་སངས་རྒྱས་ཆུའི་ཟླ་བ་ལྟ་བུ་མཚན་དང་དཔེ་བྱད་ཀྱི་འཁོར་ལོར་རང་བྱོན་ཏེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་རྒྱུན་མི་འཆད་པ་ཉིད་ཐལ་འགྱུར་ལས། ལོངས་སྤྱོད་སྐུ་ལ་སྐུ་གསུང་ཐུགས། །ཡོན་ཏན་དང་ནི་ཕྲིན་ལས་སོ། །སྐུ་ནི་སྣང་ལ་རང་བཞིན་མེད། །གསལ་དང་གསལ་བྱེད་རིག་པས་ཁྱབ། །གསུང་ནི་རང་བྱུང་རང་སྣང་དང་། །སྤྲོ་བསྡུ་སྣང་བའི་འཁོར་ལོའོ། །ཐུགས་ནི་རྒྱུན་ཆད་མེད་གཟིགས་དང་། །མཁྱེན་པའི་རྩལ་དང་དགོངས་པའོ། །ཡོན་ཏན་མཚན་དཔེ་རྫོགས་པ་ལ། །དགོངས་གསལ་མངོན་ཤེས་རྫོགས་པའོ། །ཕྲིན་ལས་ཆོས་ཀྱི་འཁོར་ལོ་ལས། །ཕྱི་ནང་གསང་བ་རྣམ་སྤྲོས་ཏེ། །སོ་སོའི་རིགས་ཀྱི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །རང་བྱུང་ལྗགས་ལས་རྣམ་སྤྲོས་ཏེ། །འཁོར་ལ་རང་གི་ངོ་བོས་སྟོན། །ཞེས་སོ། །དེའང་སྐུ་སྣང་ལ་རང་བཞིན་མེད་པ་གསུང་རང་བྱུང་གི་ཡི་གེ་དྲུག་ལྗགས་ཀྱི་དབང་པོ་ལས་སྤྲོས་པས། གང་ལ་གང་འདུལ་གྱི་ཆོས་སངས་རྒྱས་དང་སེམས་ཅན་ཀུན་ལ་ཁྱབ་པར་སྒྲོགས་པ། ཐུགས་རྗེ་ཡེ་ཤེས་ལྔའི་མཚན་ཉིད་རྒྱུན་ཆད་མེད་པས་སེམས་ཅན་(༢༣༤)ལ་གཟིགས་པའོ། །ལོངས་སྐུ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྔ་ཐད་ཀར་རང་གི་འཁོར་ལ་གཟིགས་པའོ། །དེའང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་གདོད་མའི་ངང་ལས་མི་གཡོ་བར་མཛད། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ནང་དུ་མཁྱེན་པ་མ་འགགས་པར་མཛད། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་གཉིས་སུ་མེད་པའི་ཆོས་ལ་ལོངས་སྤྱོད། སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་ཕྱི་ནང་གི་ཤེས་བྱ་མ་འདྲེས་པར་མཁྱེན། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་མཛད་པ་ཕྲིན་ལས་ནམ་མཁའི་མཐའ་ཀླས་པར་རྒྱུན་མི་འཆད་པའོ། །དེའང་ཆོས་སྐུ་ལྟར་ནང་གསལ་དུ་མེད་ལ། སྤྲུལ་སྐུ་ལྟར་ཕྱིར་གསལ་རགས་པའི་ཡུལ་སྤྱོད་བྱེད་དུ་མེད་ཀྱང་། ཐད་ཀར་གསལ་སྟོང་གཉིས་སུ་མེད་པའི་རང་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐུགས་རྗེས་རིག་པའི་ཆར་བཞུགས་སོ། །ཡེ་ཤེས་འོད་ཀྱི་སྦུབས་ན་སྣང་བྱེད་ཆུ་ཟླའི་གཟུགས་ཀྱིས་འགྲོ་བའི་སྟོན་པར་གཞི་ཐོག་ནས་འཕགས་ཏེ་རང་བྱོན་པས་ལོངས་སྐུ་ཞེས་བྱའོ། །རྒྱས་པར་ནི་སྔར་བསྟན་པས་མི་སྤྲོའོ། ། གསུམ་པ་དེ་ལས་སྤྲུལ་པའི་སྐུ་མངོན་པར་སྣང་བ་ནི། ལོངས་སྐུའི་གདངས་ལས་རང་བཞིན་སྤྲུལ་པའི་སྐུས་ཕྱོགས་བཅུར་ལས་དག་པའི་བྱང་ཆུབ་སེམས་དཔའ་ས་ལ་གནས་པ་རྣམས་ཀྱི་དོན་མཛད་ལ། དེའི་གདངས་ལས་འགྲོ་བ་འདུལ་བ་སྤྲུལ་པའི་སྐུས་འགྲོ་བ་དྲུག་ཏུ་ཐུབ་པ་དྲུག་གི་རྣམ་པར་སྤྲུལ་ཏེ་དོན་མཛད་པ་ནི། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱས་སེམས་ཅན་གྱི་དོན་མཛད་པ་བཞིན་ནོ། །དེ་ལས་མ་དག་པའི་སྤྲུལ་སྐུ་འགྱེད་པ་ནི། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། བཟོ་སྣ་ཚོགས་དང་། ལམ་པོ་ཆེ་དང་། ལྗོན་ཤིང་དང་། འབབ་ཆུ་དང་། རྫིང་དང་། ཉ་བོ་ཆེ་དང་། ནོར་བུ་དང་། པདྨ་དང་། དཔག་བསམ་གྱི་ཤིང་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་དང་། བརྒྱ་བྱིན་དང་། བྲམ་ཟེ་དང་། བུ་མོ་དང་། ཁྱེའུ་དང་། རི་དྭགས་དང་སྐྱེད་མོས་ཚལ་ལ་སོགས་པ་གང་ལ་གང་མཁོ་ཞིང་གང་གིས་འདུལ་བ་དེའི་གཟུགས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་རྒྱ་ཆེ་ལ་རྒྱུན་མི་འཆད་ཅིང་ཐབས་ལ་མཁས་པའི་མཛད་པའོ། །འོ་ན་སྔར་གྱི་ལོངས་སྐུ་དང་། རང་བཞིན་སྤྲུལ་པའི་(༢༣༥)སྐུ་གཉིས་ཀས་བྱང་ཆུབ་སེམས་དཔའི་སར་གནས་པའི་དོན་བྱེད་པ་འདྲའོ་སྙམ་ན། མི་འདྲ་སྟེ། སྔར་གྱི་ལོངས་སྐུས་རང་བཞིན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་པར་སྣང་བ་ལ་ཆོས་སྟོན་པ་ལྟར་སྣང་ཡང་། གདུལ་བྱ་དང་འདུལ་བྱེད་མ་ཡིན་ཏེ། བཏགས་གྲོལ་ལས། ཉིད་ལས་མི་གཞན་སེམས་དཔའི་སྣོད། །ཅེས་པས། རང་བཞིན་སྤྲུལ་སྐུའི་སར་གནས་ཀྱི་བྱང་ཆུབ་སེམས་དཔའི་དོན་བྱེད་པའོ། །དེ་ལྟར་སྤྲུལ་པའི་སྐུ་དེའི་སྐུ་ནི་གདུལ་བྱ་དང་མཐུན་པར་མཚན་དཔེས་བརྒྱན་པའམ་མཚན་མ་མེད་པའོ། །གསུང་ནི་ཚངས་པའི་དབྱངས་དྲུག་ཅུ་ལ་སོགས་པས་རང་རང་གི་སྣང་བ་དང་མཐུན་པར་ཆོས་སྟོན་པའོ། །ཐུགས་ནི་ཕྱི་རོལ་ཡུལ་གྱི་རྣམ་པ་སྤྱོད་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། ཆོས་ཉིད་ཇི་ལྟ་བ་མཁྱེན་ནས་དོན་དམ་པའི་ཆོས་ཟབ་པ་ཞི་བ་གཅིག་ཏུ་སྤྲོས་པ་དང་བྲལ་བར་གསུང་ཞིང་། ཆོས་ཅན་སྣ་ཚོགས་པ་མ་འདྲེས་པར་མཁྱེན་ནས་ཀུན་རྫོབ་ཀྱི་ཆོས་ལས་དང་ལས་ཀྱི་རྣམ་པར་སྨིན་པ་དང་། ལམ་དང་འགྲོ་བའི་གནས་ལ་སོགས་པ་སྤང་བླང་དུ་མས་འགྲོ་བ་འདུལ་བའོ། །ཡོན་ཏན་ནི་མཁྱེན་རབ་བསམ་གྱིས་མི་ཁྱབ་པའོ། །ཕྲིན་ལས་ནི་མཛད་པ་དུ་མས་སེམས་ཅན་ཐར་པར་འདྲེན་པ་ལ་ལྷུན་གྲུབ་ཏུ་འབྱུང་བ་སྟེ། ཐལ་འགྱུར་ལས། སྤྲུལ་པའི་སྐུ་ཡང་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །སྐུ་ནི་མཚན་དང་དཔེ་བྱད་ལ། །གདུལ་བྱ་གང་འདུལ་ལས་སྤྲུལ་ཏེ། །གསུང་ནི་ཚིགས་སྦྱོར་ལེགས་པ་ལ། །ཚངས་པའི་དབྱངས་ནི་ཡན་ལག་དྲུག །ཐུགས་ནི་ཤེས་བྱའི་ཡེ་ཤེས་གཉིས། །རང་བཞིན་དོན་གཉིས་རྫོགས་པར་གནས། །ཡོན་ཏན་མཁྱེན་པ་རྫོགས་པ་དང་། །ཕྲིན་ལས་ཕྱི་ནང་གསང་བ་ཡི། །མཛད་པ་མ་ལུས་རྫོགས་པའོ། །ཕུན་སུམ་ཚོགས་པ་ལྔར་གནས་སོ། །ཞེས་སོ། །དེའང་གདུལ་བྱ་ཡོད་ན་ཐམས་ཅད་དུ་དེ་དང་མཐུན་པར་སྐད་ཅིག་ལ་སྣང་བ། མེད་ན་སྤྲུལ་སྐུ་ལོངས་སྐུར་ཐིམ། ལོངས་སྐུ་གདོད་མའི་གཞི་ཆོས་སྐུའི་ངང་དུ་ཐིམ་ནས་ནང་གསལ་ཉིད་དུ་ལྷུན་གྱིས་གྲུབ་བོ། །ཡང་གདུལ་བྱ་སྣང་ན་སྐད་ཅིག་ལ་སྐུ་གསུམ་མམ་དགུ། གཅིག་ལས་གཅིག་མཆེད་དེ་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་གདོད་མའི་ཀུན་(༢༣༦)ཏུ་བཟང་པོ་བཞིན་མཛད་དོ། །མདོར་ན་ལུས་ངག་ཡིད་གསུམ་གྱི་འཛིན་ཆགས་རྡོས་པ་དང་བཅས་པ་སངས་ནས་ཡོན་ཏན་ཕྲིན་ལས་སུ་རྒྱས་ཏེ། སྐུ་ལྔའི་འཛིན་པ་སྟོངས་ནས། ཐོག་མའི་གཞི་ཀ་དག་ཆེན་པོར་རང་གྲོལ་ཏེ། རང་ཤར་ལས། མཚན་མར་འཛིན་པའི་འཁོར་བ་སངས། །ཡེ་ཤེས་སྐུ་ཉིད་དོན་ལ་རྒྱས། །སངས་རྒྱས་ཞེས་ཀྱང་དེ་ལ་བྱ། །ཞེས་སོ། །དེ་ལྟར་སངས་རྒྱས་པའི་སྐུ་ལྔ་ནི། ཆོས་སྐུ་སྤྲོས་པ་དང་བྲལ་བ། ལོངས་སྐུ་མཚན་དཔེར་གསལ་བ། སྤྲུལ་སྐུ་སྣ་ཚོགས་སུ་སྣང་བ། མི་འགྱུར་རྡོ་རྗེའི་སྐུ་ནི་དེ་དག་གི་ཆོས་ཉིད། ངོ་བོ་ཉིད་ཀྱི་སྐུ་ནི་དག་པ་གཉིས་ལྡན་ཏེ། རང་བཞིན་གདོད་མ་ནས་དྲི་མ་མེད་ཅིང་གློ་བུར་གྱི་དྲི་མ་རང་ངོ་ཤེས་པས་དག་པའོ། །མངོན་པར་བྱང་ཆུབ་པའི་སྐུ་ནི། དམིགས་པ་མེད་པའི་ཐུགས་རྗེའི་ཕྲིན་ལས་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་པའོ། །དེ་ལྟར་སྐུ་ལྔའི་རང་བཞིན་གདོད་མའི་གཞི་ལ་མཐར་ཕྱིན་པ་ནི་རྫོགས་པ་ཆེན་པོ་རང་བཞིན་ལྷུན་གྲུབ་ཀྱི་འབྲས་བུ་གདོད་མ་ཀ་དག་གི་ས་ལ། གཞི་ཇི་བཞིན་པར་སངས་རྒྱས་བྱང་ཆུབ་ཕྱིར་མི་ལྡོག་པའི་ཡེ་ཤེས་བརྙེས་པ་བྱའོ།། །། ཡོངས་སུ་རྫོགས་པ་མཇུག་གི་དོན།གསུམ་པ་ཡོངས་སུ་རྫོགས་པ་མཇུག་གི་དོན་ལ། ཟབ་གཏེར་གྱི་ཕན་ཡོན་བསྟན། གཏེར་འབྱུང་གི་ལོ་རྒྱས་བཤད། སྨོན་ལམ་གྱི་མཇུག་བསྡུ་བ་གསུམ་ལས། དང་པོ་ཕན་ཡོན་བཤད། ཆོས་ཀྱི་ཆེ་བ་བརྗོད། ལྟ་བའི་ཚུལ་བཤད་པ་དང་གསུམ་ལས། དང་པོ་མཐོང་གྲོལ་ཁྱད་པར་དུ་འཕགས་པའི་ཕན་ཡོན། དགེ་སྡིག་ཕན་གནོད་དང་བྲལ་བའི་ཕན་ཡོན། འདི་ལས་གཞན་གྱིས་མི་གྲོལ་བའི་ཕན་ཡོན། འབྲེལ་ཚད་དོན་དང་ལྡན་པའི་ཕན་ཡོན། མཁའ་འགྲོས་བུ་བཞིན་སྐྱོང་བའི་ཕན་ཡོན་དང་ལྔ་ལས། དང་པོ་ཀློང་གསལ་ལས། རིག་པ་རྡོ་རྗེ་ལུ་གུ་རྒྱུད། །མཐོང་བ་ཙམ་གྱིས་ཤེས་པ་དང་། །ཤེས་པ་ཙམ་གྱིས་གྲོལ་བར་འགྱུར། །མངོན་སུམ་གནད་འདི་སུས་མཐོང་བ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། ། གཉིས་པ་བཏགས་གྲོལ་ལས། རྒྱུད་འདི་མ་རྟོགས་དགེ་བ་བཅུ། །སྤྱད་ཀྱང་འཁོར་བ་ལས་མི་གྲོལ། །དེ་སྔར་མཚམས་མེད་ལྔ་སྤྱད་ཀྱང་། །འདི་འཕྲད་ངན་སོང་ལྟུང་མི་སྲིད། །འདི་རིག་གཡོ་མེད་སྐྱེས་བུ་དེ། །བསྒོམ་མི་དགོས་(༢༣༧)ཏེ་མཐོང་གྲོལ་འགྱུར། །ཞེས་པ་དང་། དོན་གསལ་མེ་ལོང་ལས། མངོན་སུམ་གནད་འདི་སུས་མཐོང་བ། །ཆོས་ཉིད་བར་དོར་འཚང་རྒྱའོ། །ཅིའི་ཕྱིར་འདི་ནི་ཡེ་ཤེས་དངོས། །མཐོང་བས་ཤེས་གྲོལ་དུས་མཉམ་འགྱུར། །ཅིའི་ཕྱིར་ཐེག་པ་གཞན་དག་གིས། །ལོ་སྟོང་བསྒོམས་ཀྱང་འདི་མི་མཐོང་། །འདིས་ནི་སྐད་ཅིག་ཉིད་ལ་མཐོང་། །ལོ་སྟོང་སྡིག་པ་སྤྱོད་པས་ཀྱང་། །འདི་ཉིད་ལོ་དྲུག་ཉམས་བླངས་ན། །ལྷག་མ་མེད་པར་འཚང་རྒྱའོ། །ཅིའི་ཕྱིར་ངོ་བོ་ཅེར་མཐོང་ཡིན། །རིག་པའི་ཡེ་ཤེས་ངོ་བོ་ལ། །སྡིག་པའི་སྐྱོན་གྱིས་གོས་པ་མེད། །དགེ་བ་བྱས་ཀྱང་ཕན་མ་བཏགས། །རིག་པ་དགེ་སྡིག་དོན་ལས་འདས། །ཞེས་སོ། ། གསུམ་པ་བཏགས་གྲོལ་ལས། ཕ་རོལ་ཕྱིན་བཅུ་སྙིང་པོའི་རྒྱུད། །ཡང་དག་རྒྱུད་འདི་མ་རྟོགས་ན། །དུས་གསུམ་ཀུན་ཏུ་སངས་མི་རྒྱ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །འདི་ལ་བཏགས་གྲོལ་སངས་རྒྱས་ཏེ། །སྐུ་ལྔ་འགྲོ་དོན་ལྷུན་གྱིས་གྲུབ། །རང་རིག་རྣམ་དག་ས་གཅིག་ལ། །ཐེག་པ་ཀུན་འདུས་ས་ལམ་རྫོགས། །ཞེས་པ་དང་། དོན་གསལ་ལས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །གནད་འདི་མ་རྟོགས་དགེ་བ་བཅུ། །སྤྱད་ཀྱང་འཁོར་བ་ལས་མི་གྲོལ། །སྔར་དུས་མཚམས་མེད་ལྔ་བྱས་ཀྱང་། །འདི་འཕྲད་ངན་སོང་ལྟུང་མི་སྲིད། །འདི་དང་བཏགས་གྲོལ་གཉིས་སྦྲེལ་ན། །ལོ་དྲུག་ཕུང་པོ་ལྷག་མེད་འགྲོ། །འདི་མེད་གང་ཟག་གཞན་སྤྱོད་པ། །བསྐལ་པར་ཉན་བསམ་བསྒོམས་བསྒྲུབས་ཀྱང་། །བསྐལ་པར་སངས་རྒྱས་རེ་བ་མེད། །ཅིའི་ཕྱིར་མངོན་སུམ་གནད་མ་རྟོགས། །ཐེག་གསུམ་རིམ་དགུའི་ཆོས་རྣམས་ཀྱིས། །འདི་ཉིད་དོན་ལ་རེག་པ་མེད། །འདི་ནི་ཀུན་ལས་ཁྱད་པར་འཕགས། །ཞེས་སོ། ། བཞི་པ་དེ་ཉིད་ལས། འདི་དང་ཚིག་གིས་འབྲེལ་པ་ཡང་། །སྐྱེ་བ་གསུམ་དུ་མི་ཐོགས་གྲོལ། །སྒྲ་ཙམ་རྣ་བར་ཐོས་པ་ཡང་། །ཐ་མལ་སྐྱེ་བ་འདིས་ཆོད་འགྱུར། །མངོན་སུམ་གནད་འདི་སུས་མཐོང་བ། །ཆོས་ཉིད་བར་དོར་འཚང་རྒྱའོ། །ཞེས་པ་དང་། སྣོད་སྤེལ་བའི་དུས་བརྟག་པ་ལས། ཡང་གསང་སྙིང་ཐིག་འདི་ལ་སུས་སྤྱོད་པ། །སྔོན་དུས་ལས་ཅན་སྐྱེ་མཐའ་མིན་རེ་ཀན། །མངལ་དུ་མི་འཇུག་ཚེ་གཅིག་སངས་རྒྱས་ཡིན། །འདི་ཉིད་བྲིས་སམ་བཅངས་པས་སངས་རྒྱས་འཐོབ། །(༢༣༨)ལན་ཅིག་བཀའ་ཤོག་མཐོང་བ་ཐམས་ཅད་ཀྱང་། །ཨོ་རྒྱན་སྨོན་ལམ་མཐུ་ཡིས་ངན་སོང་ཁེགས། །དབང་ཐོབ་ཙམ་གྱིས་པདྨ་ཅན་དུ་སྐྱེ། །ཉམས་སུ་ལེན་པས་འབྲས་ཐོབ་སྨོས་ཅི་དགོས། །འདི་ལ་སྤྱོད་ཚད་ཨོ་རྒྱན་ང་ཡི་སྲས། །སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ཡིན། །ཞེས་སོ། ། ལྔ་པ་མེ་ལོང་ལས། གཞི་ལ་ཤེས་རབ་ལྷུན་གྱིས་གྲུབ། །ཐབས་ཀྱིས་མངོན་སུམ་སྐད་ཅིག་ལ། །མཐོང་སྟེ་གྲོལ་འགྱུར་ཐེ་ཚོམ་མེད། །དེ་ཕྱིར་མཁའ་འགྲོ་དངོས་ཀྱིས་སྟོན། །འདི་ལ་སྤྱོད་པའི་སྐྱེས་བུ་ནི། །ཀུན་བཟང་ཡུམ་དང་དབྱེ་རུ་མེད། །ཌཱ་ཀི་ལུས་དང་གྲིབ་མར་འགྲོགས། །ཞེས་པས། འདི་ཉིད་སྟོན་པའི་བླ་མ་དེ་ཡང་། མཁའ་འགྲོ་དངོས་ཡིན་པས་གུས་པ་མཆོག་ཏུ་བསྐྱེད་པར་བྱ་ཞིང་མཁའ་འགྲོའི་ཟབ་ཆོས་མཁའ་འགྲོ་མ་ཡིན་པས་འཆད་ཅིང་སྤེལ་བར་མི་ནུས་པས། དེ་ཉན་པའི་སྣོད་ཀྱང་ཕལ་ཆེར་མཁའ་འགྲོ་འདུ་བ་ཡིན་ཏེ། གྲོགས་ལའང་དག་སྣང་དང་མོས་གུས་བསྐྱེད་པ་ལ་འབད་པར་བྱའོ། །དོགས་པར་མ་བྱེད་ཅིག །འདི་ལྟར་བདག་ཀྱང་སངས་རྒྱས་མཁའ་འགྲོའི་མཚན་ལྟས་ཐུན་(༢༣༨)མོང་མ་ཡིན་པ་འགའ་དང་ལྡན་པས་མཁའ་འགྲོ་འདུ་ཞིང་ཟབ་གཏེར་ལ་དབང་བ་ཡིན་ནོ། ། གཉིས་པ་ཆོས་ཀྱི་ཆེ་བ་བརྗོད་པ་ནི། དུས་བརྟག་པ་ལས། ཨེ་མ་གསང་སྔགས་མཐར་ཐུག་སྙིང་པོའི་ཆོས། །ཐེག་པ་རིམ་དགུའི་ཉམས་ལེན་དོན་རྫོགས་འདི། །ཀུན་ལས་ཁྱད་འཕགས་ཨེ་མ་ངོ་མཚར་ཆེ། །བོད་ཡུལ་ཀུན་ཏུ་གཏེར་ཕྲན་བྱེ་བ་སྦས། །གཏེར་ཆེན་བརྒྱ་དང་ཉེར་བརྒྱད་སར་སྦས་ཀྱང་། །གདམས་པའི་མཐར་ཐུག་འདི་མིན་སྦས་རེ་ཀན། །ཞེས་པ་དང་། མེ་ལོང་ལས། ཨེ་མ་ཧོ། འདི་འདྲའི་གདམས་པ་རྒྱ་བོད་གཉིས་ན་མེད། །ཀུན་ལ་མ་བསྟན་རང་ཉིད་ཉམས་སུ་ལོངས། །ཚིག་ཙམ་རླུང་གི་ཕྱོགས་སུ་ཟག་པ་ན། །ཚེ་ཡི་བར་ཆད་བྱེད་པར་ཐེ་ཚོམ་མེད། །འདི་རང་ཉིད་ཀྱིས་ཉམས་སུ་ལོན་པ་དང་། །ཌཱ་ཀི་ཉིད་ལ་གཏད་དེ་གཏེར་དུ་སྦོས། །ལས་ཅན་ཅིག་གི་དོན་དུ་སྨོན་ལམ་ཐོབ། །ཅེས་སོ། ། གསུམ་པ་ལྟ་བའི་ཚུལ་བཤད་པ་ནི། དེ་ཉིད་ལས། གང་གིས་འདི་ཉིད་ལྟ་བའི་དུས་སུ་ཡང་། །ཚོགས་དང་གཏོར་མ་རྒྱ་ཆེར་བྱས་ལ་བལྟ། །འདི་ཡི་རླུང་གི་ཕྱོགས་ཀྱི་སེམས་ཅན་ཡང་། །ཌཱ་ཀི་རྣམས་(༢༣༩)ཀྱི་བྱིན་རླབས་བདེ་བ་ཐོབ། །འདི་ལ་རེག་པ་ཨོ་རྒྱན་ང་དང་མཉམ། །ཞེས་སོ། ། གཉིས་པ་གཏེར་འབྱུང་གི་ལོ་རྒྱུས་བཤད་པ་ནི། རྒྱལ་པོས་སློབ་དཔོན་བོད་དུ་གདན་དྲངས་ནས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཏེ་དགའ་སྟོན་མཛད་པའི་དུས་སུ། མཆིམས་ཕུར་ཚོགས་ཀྱི་འཁོར་ལོ་བརྒྱ་རྩ་བརྒྱད་བཏང་བ་དང་། རྒྱལ་པོའི་སྲས་མོ་པདྨ་གསལ་དུས་ལས་འདས་པ་ལ་རྒྱལ་པོས་མྱ་ངན་མཛད་པ་ལ། སློབ་དཔོན་ཡབ་ཡུམ་གྱིས་ཐུགས་གསོས་ཏེ། བུ་མོའི་རྣམ་ཤེས་བཀུག་ནས་དབང་བསྐུར་ཏེ། ཟབ་གཏེར་གྱི་སྒྲོམ་བུ་སྤྱི་བོར་བཞག་ནས། མ་འོངས་པ་ན་རང་གཞན་ལ་ཕན་པའི་སྨོན་ལམ་བཏབ་ནས་གཏེར་དུ་སྦས་པའོ། ། འདི་ལ་སྟོན་པ་དང་བསྟན་པ་ཕུན་སུམ་ཚོགས་པས་སྤྱིར་བསྟན། བསྡུ་བ་པོ་དང་གནས་ཕུན་སུམ་ཚོགས་པ་བྱེ་བྲག་ཏུ་བཤད། དུས་དང་སྐལ་ལྡན་ཕུན་སུམ་ཚོགས་པ་རྒྱ་ཆེར་བསྔགས་པ་གསུམ་ལས། དང་པོ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་རང་བྱུང་པདྨའི་སྡོང་པོ་ལ་རང་བཞིན་ལྷུན་གྱིས་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཏེ། གཞོ་སྟོད་ཏི་སྒྲོའི་ཚོགས་ཁང་ཆེན་མོར་མཁའ་འགྲོ་སྙིང་ཐིག་གི་གདམས་པ་གསུངས་ལ། སྔོན་བྱུང་གི་གཡའ་རི་གོང་གི་བྲག་ཕུག་ཏུ་གྲུབ་པ་བརྙེས་པ་སྟེ། དོན་གསལ་ལས། ཨོ་རྒྱན་པདྨ་བདག་གིས་སུ། །གཡའ་རི་གོང་གི་བྲག་ཕུག་ཏུ། །འདི་ཉིད་བསྒོམས་པས་ཟག་བཅས་ཕུང་པོ་ཡལ། །ཟག་མེད་སྒྱུ་མའི་ཕུང་པོ་ལ། །སྣང་ལ་མ་གྲུབ་སྐྱེ་འཆི་བྲལ། །འདི་ཉིད་གང་ཟག་སྤྲོས་མེད་ཀྱི། །བློ་ཅན་མྱ་ངན་འདའ་དོན་དུ། །གཡའ་རི་གོང་དུ་ཡི་གེར་བཏབ། །རྒྱུད་དང་གདམས་པ་ཀུན་ཁྱེར་ཏེ། །འགྲོ་བའི་དོན་དུ་བོད་ལ་མཆིས། །ཞེས་སོ། །འདིའི་དུས་སུ་སྙིང་ཐིག་གི་གདམས་པ་འདི་དུས་ལ་མ་བབས་པས་གཏེར་དུ་སྦེད་པར་དགོངས་པ་ནི། དེ་ཉིད་ལས། མངའ་བདག་རྒྱལ་པོ་ལ་སོགས་པ། །སྐལ་ལྡན་ལས་འབྲེལ་མང་ལགས་ཀྱང་། །འདི་ཉིད་བསྟན་པའི་དུས་མ་བབས། །བི་མ་མི་ཏྲ་འབྱོན་དགོངས་ནས། །ཚིག་ཙམ་རླུང་ཕྱོགས་ཙམ་དུ་ཡང་། །འདི་ཉིད་ཚིག་ཙམ་བཤད་པ་མེད། །ཕྱི་རབས་སྐལ་ལྡན་དོན་བྱེད་དུ། །དྭངས་ལུང་ལྡང་ལྷའི་བྲག་ལ་སྦེད། །ཅེས་སོ། ། གཉིས་(༢༤༠)པ་མཁར་ཆེན་མཚོ་རྒྱལ་གྱིས་བསྡུ་བ་པོ་བྱས་ཏེ། དྭངས་ལུང་ཁྲ་མོ་བྲག་ལ་གཏེར་དུ་སྦས་པ་ནི། དེ་ཉིད་ལས། མཚོ་རྒྱལ་ཁྱོད་ལ་གཏད་པ་ནི། །ཀུ་སུ་ལུ་ཡི་གདམས་པའི་སྐོར། །དྭངས་ལུང་ལྡང་ལྷའི་བྲག་ལ་སྦོས། །ད་ལྟ་བསྟན་པའི་དུས་མ་བབས། །ཞེས་སོ། །མཁས་པ་པཎྜི་ཏའི་གདམས་པ་སྤྲོས་པ་གཙོ་ཆེ་བ་བུམ་ཐང་ན་ཡོད་པར། དེ་ཉིད་ལས། བཅོ་བརྒྱད་རྒྱུད་དང་གདམས་པར་བཅས། །མ་འོངས་སྐལ་ལྡན་དོན་དུ་ནི། །བུམ་ཐང་སེང་གེའི་བྲག་ལ་སྦོས། །སྙིགས་མར་འགྲོ་དོན་རྒྱ་ཆེར་འབྱུང་། །ཞེས་སོ། ། གསུམ་པ་ཡང་དེ་ཉིད་ལས། ཚེ་ལོ་ལྔ་བཅུ་ཁ་རལ་དུས། །གསལ་རྗེ་གངས་ཀྱི་ཤར་ཕྱོགས་ངོས། །ལྕགས་སྒྲོམ་ལྟ་བུའི་ཡུལ་གྱི་སྟོད། །འབྲོང་པོ་ཉལ་འདྲའི་སྤྱི་སྟེངས་སུ། །མཁའ་འགྲོ་ལྡེ་ལྔས་བྱིན་རླབས་པའི། །ཆུ་ཁམས་འབྲུག་གམ་སྤྲེལ་ཡོས་ལོ། །སྤྲོ་རིང་ཐེག་ཆེན་ཆོས་ལ་མོས། །སྦས་ཚུལ་འཁོར་བའི་ཆ་འཛིན་ཅིང་། །མ་འགགས་སྤྱོད་པ་སྣ་ཚོགས་སྐྱོང་། །ད་ལྟའི་ལྷ་ལྕམ་པདྨ་གསལ། །སྙིགས་མའི་དུས་སུ་དེ་ལྟར་སྐྱེ། །དེ་དུས་གདམས་པ་འདི་དང་འཕྲད། །ཟབ་མོའི་གཏེར་དང་འཕྲད་པའི་རྟགས། །སྙིང་ཐིག་ཐབས་ཀྱི་ཆ་ཡིན་ཕྱིར། །དེ་ཡི་དངོས་སུ་མཐོང་བའི་རྟགས། །བརླ་གཡས་པ་ཡི་ནང་ལོགས་ན། །ཤ་སྨེ་མཁའ་འགྲོའི་སྤྱན་འདྲ་ཡོད། །དེ་ལྟར་མཚན་རྟགས་རྫོགས་པ་ཡིས། །ལས་ལྡན་སྐྱེས་བུ་དེ་དང་འཕྲད། །དེ་དུས་འགྲོ་དོན་མི་འབྱུང་སྟེ། །ཕྱི་མ་འགྲོ་དོན་བརྒྱ་ལོག་སྤྱོད། །དྲི་མེད་འོད་ཟེར་ཞེས་བྱར་གྲགས། །གཏེར་གྱི་སྒོ་འབྱེད་བསྟན་པ་སྐྱོང་། །ལྷོ་ཡི་ཕྱོགས་སུ་ངེས་པར་འབྱུང་། །ལྡང་ལྷས་བཀའ་ཡི་བྱ་ར་གྱིས། །རྟགས་དང་ལྡན་པ་དེ་ལ་གཏོད། །ཅེས་པ་དང་། སྣོད་དང་དུས་བརྟག་པ་ལས། ང་ཡི་ཐུགས་སྲས་ཤེས་རབ་བློ་དང་ལྡན། །ཌཱ་ཀིའི་སྤྱན་མཚན་དོན་གྱི་སྙིང་རྗེ་ཅན། །པདྨ་ལས་འབྲེལ་རྩལ་དང་འདི་འཕྲད་ཤོག །དེ་ལ་དད་མོས་འདུད་ཚད་ལས་ཅན་ཡིན། །རྟག་ཏུ་འགྲོགས་པ་རྣམས་ལ་སྨོས་ཅི་དགོས། །འདི་ལ་འབྲེལ་ཚད་བདེ་བ་ཅན་དུ་སྐྱེ། །གང་ཞིག་སྐྱེ་བ་དམན་པའི་བུད་མེད་ཀྱང་། །འདི་འཕྲད་མི་ལུས་དེ་ཡིས་ངན་སོང་ཁེགས། །རྟག་ཏུ་འགྲོགས་རྣམས་བདེ་ཆེན་མཁའ་སྤྱོད་ཡིན། །གང་ཞིག་སྡིག་སྤྱོད་སྨོད་ཅིང་སྐུར་འདེབས་རྣམས། །(༢༤༡)འདི་དང་དུས་མཚུངས་འཁོར་བ་མཐའ་ཡོད་ཡིན། །ཅིའི་ཕྱིར་དེ་ཡི་ཐུགས་རྗེས་ངེས་པར་སྐྱོབ། །ཅེས་པ་དང་། ཌཱ་ཀིའི་ཞལ་གདམས་ལས། བདག་འདྲ་ཨོ་རྒྱན་ཐུགས་ཀྱི་སྲས། །མ་འགགས་སྤྱོད་པ་སྣ་ཚོགས་སྤྱོད། །ལུས་ལ་ཤ་སྨེ་སྤྱན་འདྲས་མཚན། །སྒེག་པར་འཆོས་ལ་སྤྱོད་པ་རྩིང་། །སྦས་པའི་རྣལ་འབྱོར་དང་འཕྲད་ཤོག །དེ་ལ་འདུད་བྱེད་ཌཱ་ཀིའི་སྲས། །རྨིས་ལྟས་ཚང་བ་བཞི་འབྱུང་བས། །དེ་ལ་གནད་ཀྱི་གདམས་པ་གཏད། །གཞན་ལ་ཚིག་གཅིག་བརྗོད་ན་འཕུང་། །སྦས་པའི་རྣལ་འབྱོར་ཌཱ་ཀིའི་བུ། །ཤ་སྨེ་སྤྱན་འདྲས་མཚན་པ་དེའི། །ལུས་དང་གྲིབ་བཞིན་ཌཱ་ཀིས་སྐྱོབ། །ཕྲིན་ལས་དུས་ལ་མ་བབས་པས། །དེ་ལ་འདུད་བྱེད་ཤིན་ཏུ་ཉུང་། །འདི་ལ་མོས་ཚད་ཌཱ་ཀིའི་བུ། །སྤྲུལ་པ་ཡིན་པར་ངས་ལུང་བསྟན། །འདི་ལ་མོས་བྱེད་སྐྱེས་པ་རྣམས། །དཔའ་བོ་སྡེ་ལྔའི་སྤྲུལ་པ་ཡིན། །འདི་ལ་ཟབ་ཆོས་ལུས་ཀྱིས་འབྲེལ། །ཕྱི་མ་དེ་ཡི་གདུལ་བྱར་སྐྱེ། །སྐྱེས་པ་ཕོ་མོ་གང་ཡང་རུང་། །འདི་དང་ལྷན་ཅིག་འགྲོགས་པས་ཀྱང་། །ཡོན་ཏན་སྣ་རེ་ཕྱི་མར་འཐོབ། །ཕོ་མོ་གང་ཡང་རུང་བས་སུ། །འདི་དང་རྟག་ཏུ་འགྲོགས་པ་དེས། །འདི་ཉིད་འདས་པའི་ཚུལ་བསྟན་ཚེ། །སྐྱེས་བུ་དེ་ཡི་སྤྱི་བོ་ནས། །གཡུ་ཡི་བུད་མེད་རྒྱན་དྲུག་ཅན། །འཇའ་ཚོན་ལྟ་བུ་འཁྱིད་གང་བ། །ཕྱག་ན་མེ་ཏོག་དམར་པོ་བསྣམས། །ཕཊ་ཀྱི་སྒྲ་འབྱིན་ནམ་མཁའ་ལ། །བུན་གྱིས་གཤེགས་པ་མཐོང་བར་འགྱུར། །དེ་ཡི་སྙིང་ལ་ལས་ཀྱི་གདུང་། །སྔོན་པོ་སྲན་མ་ཙམ་གཅིག་འབྱུང་། །ལས་ཅན་ཅིག་ལ་སྣང་སྲིད་དམ། །གལ་ཏེ་ཌཱ་ཀིའི་གདན་འདྲེན་འགྱུར། །གདུང་རུས་གཅིག་ལ་ཡི་གེ་ཧྲཱིཿ། །འབྱུང་འགྱུར་འདི་ལ་ཐེ་ཚོམ་མེད། །འཇའ་འོད་རིང་བསྲེལ་འགྱུར་ཡང་སྲིད། །ཕལ་ཆེར་རྟགས་མེད་སྦས་ཚུལ་འདའ། །དགུང་ལོ་ལྔ་བཅུ་རྩ་དགུ་ལ། །ཌཱ་ཀི་རྣམས་ཀྱིས་གདན་འདྲེན་འགྱུར། །དེ་ནི་དྲི་མེད་འོད་ཟེར་ཞེས། །མ་འོངས་དུས་ན་ལྷོ་རུ་འབྱུང་། །ལས་ཅན་དེ་དང་ཀུན་འཕྲད་ཤོག །ཅེས་སོ། ། གསུམ་པ་སྨོན་ལམ་གྱིས་མཇུག་བསྡུ་བ་ནི། ཀློང་གསལ་ལས། ཡིད་བཞིན་ནོར་བུའི་གསང་རྒྱུད་འདི། །ལས་ཅན་(༢༤༢)རྣམས་དང་མ་འོངས་འཕྲད། །ཅེས་པ་དང་། དོན་ཁྲིད་ལས། ཨེ་མ་ཧོ། ཡང་གསང་སྙིང་ཐིག་མངོན་སུམ་མན་ངག་འདི། །གང་གིས་རེག་པ་མྱང་འདས་དངོས་ལ་སྦྱོར། །ཐེག་བརྒྱད་ཨ་ཏི་ཐིག་ལེ་སྐོར་གསུམ་གྱིས། །འདི་ཉིད་དོན་ལ་རེག་པ་མ་ཡིན་ནོ། །མིག་སྟོང་ཤེས་རབ་གྲུབ་མཐའ་མང་པོ་དང་། །རྒྱུད་ལུང་མན་ངག་མང་ཡང་འདི་མི་མཐོང་། །གཞན་དང་མི་འདྲ་ཡང་ཟབ་མངོན་སུམ་གནད། །འདི་དངོས་བསྟན་ཅིང་བཤད་པ་ཅི་མ་ཚང་། །ཚིག་ཙམ་རླུང་གི་ཕྱོགས་སུ་བརྗོད་པ་མིན། །ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག །འདི་ལ་རེག་ཚད་ལྷག་མེད་འགྲུབ་པར་ཤོག །ཅེས་སོ། ། དེ་ལྟར་ཟབ་ཅིང་རྒྱ་ཆེའི་གང་ཆེན་མཚོ། །མཁའ་འགྲོ་སྙིང་ཐིག་བཀའ་གསང་རྒྱ་ཆེ་ལས། །ཕྱི་རབས་སྐལ་ལྡན་རྣམས་ཀྱི་དོན་ཆེད་དུ། །ཟབ་དོན་རྒྱ་མཚོའི་སྤྲིན་གྱི་སྙིང་པོ་འདི། །གངས་རི་ཐོད་དཀར་རིན་ཆེན་སྙིང་པོའི་མགུལ། །དྲི་མེད་འཕགས་པའི་བཞུགས་གནས་ཨོ་རྒྱན་རྫོང་། །ཤིན་ཏུ་དབེན་ཞིང་ཉམས་དགའ་རིག་འཛིན་གནས། །ལྷ་དང་དྲང་སྲོང་མང་པོས་བརྟེན་པ་དེར། །དྲི་མེད་འོད་ཟེར་བདག་གིས་འདི་བྱས་པའི། །དགེ་བ་སྟོན་ཀའི་ཟླ་ལྟར་དཀར་བ་དེས། །འགྲོ་ཀུན་ཡིད་མཁའི་མུན་པ་ཀུན་བསལ་ནས། །ལྷུན་གྲུབ་ས་ལ་ཀུན་ཏུ་བཟང་པོར་ཤོག །ཉི་མ་ཟླ་བ་ལྷུན་པོ་རྒྱ་མཚོར་བཅས། །ས་ཆེན་གླིང་བཞིའི་འཇིག་རྟེན་གནས་ཀྱི་བར། །ཆོས་ཚུལ་འདི་ཡང་འགྲོ་བའི་དོན་བྱེད་ཅིང་། །བསྟན་པའི་རྒྱལ་མཚན་ཡུན་དུ་གནས་པར་ཤོག །ལྷ་དང་ལྷ་མིན་གྲུབ་པ་རིག་སྔགས་འཆང་། །དཔག་མེད་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །སྔོན་བཞིན་ཟབ་མོའི་དགོངས་གཏེར་ཡོངས་གཟུང་སྟེ། །སྐལ་ལྡན་རྣམས་ལ་རྒྱུན་དུ་སྣང་བར་ཤོག །རྒྱུ་འབྲས་གཙོར་ལེན་བློ་ཆུང་ལོག་ལྟ་ཅན། །བླ་མར་མི་གུས་ཆོས་དང་ཉམས་ལེན་འཆལ། །སྐལ་མེད་རྣམས་ཀྱིས་དཔེ་ཙམ་མི་མཐོང་ཞིང་། །རླུང་ཕྱོགས་ཙམ་དུ་ཚིག་ཙམ་མི་ཐོས་ཤོག །དད་དང་སྙིང་རྗེ་གཏོང་ཕོད་ཡངས་པ་ཆེ། །མི་གུས་མེད་ཅིང་བླ་མ་ཅི་མཉེས་བྱེད། །ཕྱི་མ་དོན་གཉེར་ཚེ་འདི་བོར་བའི་མི། །སྐལ་ལྡན་སྙིང་གི་བུ་དང་འཕྲད་པར་ཤོག །ཀྱེ་ཧོ་གྲོགས་དག་སྙིང་པོའི་དོན་མཐོང་ནས། །(༢༤༣)རིན་ཆེན་ལུས་འདིས་སྲིད་མཚོར་སྒྲོལ་བཞིན་དུ། །འཇིག་རྟེན་ཆོས་ལ་སྤྱོད་པར་མི་ཁོམ་གྱིས། །ཉིན་མཚན་བརྩོན་པས་ཆོས་ལ་སྤྱོད་པར་ཤོག །འགྲོ་དྲུག་ནང་ནས་མི་ལུས་རྙེད་པར་དཀོན། །དེ་བས་ཆོས་དང་འཕྲད་དེ་སྤྱོད་པར་དཀོན། །དེ་དག་ཀུན་ལས་སྙིང་པོ་འདི་འཕྲད་དཀོན། །དབེན་པའི་གནས་སུ་བསམ་གཏན་བསྒོམ་པར་ཤོག །འཇིག་པར་སླ་ཞིང་སྙིང་པོ་མེད་པའི་ལུས། །ལྦུ་བ་རྡོས་འདྲ་མྱུར་དུ་མི་རྟག་གིས། །གྲོགས་དག་ཚེ་འདིའི་བྱ་བ་ཀུན་སྤངས་ལ། །ཆོག་ཤེས་ལྡན་པས་ནགས་སུ་བསྒོམ་པར་ཤོག །བསགས་ཀྱང་འཇོག་ལ་འདུས་ཀྱང་འབྲལ་བའི་ཆོས། །ནོར་དང་མཛའ་བཤེས་གཉེན་འདུན་ལ་སོགས་པའི། །འཁོར་བའི་རང་བཞིན་སྡུག་བསྔལ་འདི་ལ་གཟིགས། །ཞི་བའི་ནགས་སུ་བསམ་གཏན་བསྒོམ་པར་ཤོག །ཇི་ལྟར་སྣང་བ་ཐམས་ཅད་གཟུགས་བརྙན་ཙམ། །བདེན་པས་སྟོངས་སྟེ་བྲག་ཆའི་སྒྲ་དབྱངས་འདྲ། །སྒྱུ་མ་རྨི་ལམ་ལྟ་བུར་ཤེས་བྱས་ནས། །ཟབ་མོའི་(༢༤༤)དོན་ལ་ནགས་སུ་བསྒོམ་པར་ཤོག །སྐྱེས་བུའི་ཚེ་འགྲོ་རི་གཟར་འབབས་ཆུ་འདྲ། །འཆི་བདག་མི་སྡོད་ནུབ་རིའི་གྲིབ་མ་བཞིན། །སྐྱེས་པ་འཆི་ཞིང་འདུས་པ་འབྲལ་བའི་ཆོས། །དེ་རིང་ཉིད་ནས་བསམས་ཏེ་བསྒོམ་པར་ཤོག །ད་རེས་མི་ཡི་སྲིད་པ་ཐོབ་དུས་འདིར། །ཐར་པའི་གླིང་དུ་ལམ་སྣ་མ་ཟིན་ན། །ཕྱི་ནས་གར་འགྲོ་བདག་གིས་ཇི་ལྟར་ཤེས། །བདེ་ཆེན་ལམ་ལ་བཙན་ས་ཟིན་པར་ཤོག །དེ་སྐད་ཕན་པར་སྨྲ་བའི་ངག་འདི་ནི། །སྙིང་ནས་ཡིན་གྱིས་འགྲོ་ཀུན་བརྩོན་པར་མཛོད། །རིན་ཆེན་གླིང་ནས་སྟོང་ལོག་མ་བྱེད་པར། །དོན་ཟབ་སྙིང་པོའི་ཡིད་བཞིན་ཐོབ་པར་ཤོག །བདག་ཀྱང་སྙོམ་ལས་ལེ་ལོའི་རང་བཞིན་དང་། །རང་དོན་བསླུ་བའི་གཞན་དོན་ལྟར་སྣང་གིས། །ཚེ་འདིར་གྲོལ་བའི་འོད་ལས་མ་གྲུབ་ཀྱང་། །བར་དོའི་ལུས་ལ་བརྟན་པ་ཐོབ་པར་ཤོག །དེང་ནས་སྔ་ཕྱིའི་སྐྱེ་བ་ཐམས་ཅད་དུ། །རང་བྱུང་པདྨའི་མགོན་དང་བཅས་པ་ཡིས། །འཁོར་བར་མི་ལྡོག་མྱ་ངན་འདའ་བར་ངེས། །གཅིག་ཏུ་འགྲོ་ལ་ཕན་པ་འགྲུབ་པར་ཤོག །ཟབ་(༢༤༤)མོའི་དོན་མཐོང་སྐྱེ་འཆིའི་འཇིགས་བྲལ་ཞིང་། །བར་དོའི་གྲོལ་ཚད་མཁའ་འགྲོའི་བྱིན་རླབས་ཀྱིས། །བདག་གི་དེང་དུས་རང་དོན་བསྒྲུབས་ཟིན་གྱིས། །ད་ནི་ཅི་ནས་གཞན་དོན་བྱེད་པར་ཤོག །སྔོན་རབས་སྐྱེ་བ་དུ་མར་སྦྱངས་པའི་མཐུས། །ཟབ་མོའི་དོན་ལ་བློ་མིག་རྒྱས་གྱུར་ཅིང་། །ཕྱི་ནང་གྲུབ་མཐའི་ཚུལ་རྣམས་ལེགས་པར་མཐོང་། །ཚིག་དོན་མ་ནོར་ཇི་སྙེད་ཇི་བཞིན་བཤད། །སྐལ་ལྡན་བུང་བ་དགའ་བསྐྱེད་སྐྱེད་མོས་ཚལ། །ཟབ་དོན་སྦྲང་རྩིའི་སྙིང་པོ་གང་བ་འདི། །ལེགས་སྦྱར་མེ་ཏོག་འབྲས་བུ་འདི་སྨིན་པས། །ཚེ་གཅིག་སངས་རྒྱས་འདོད་རྣམས་ཚུལ་འདི་བསྟན། །བདག་གིས་ཚེ་འདིར་ཕན་པ་རྒྱ་ཆུང་བས། །རིང་པོར་མི་ཐོགས་སྒྱུ་མའི་ལུས་འདི་འདོར། །བར་དོའི་ཡུལ་ལ་ཞིང་སྣང་རྒྱ་ཆེ་བས། །ལྷུན་གྲུབ་ས་ལ་བཙན་ས་ཟིན་པར་ཤོག །ཡང་ཅིག་སྤྲུལ་པའི་འོད་ཟེར་རབ་བཀྱེས་ནས། །ཐར་པའི་གླིང་དུ་འགྲོ་བ་འདྲེན་བྱེད་ཅིང་། །ཟབ་མོའི་ཆོས་གཏེར་དཔག་མེད་སྣང་བ་ཡིས། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །དཔག་མེད་དུས་ནས་ཕན་པའི་བློ་མངའ་བ། །རྒྱལ་སྲས་སྤྱོད་པ་དམ་པའི་རྗེས་ཞུགས་ཏེ། །མཛད་པ་ཕྲིན་ལས་ནམ་མཁའི་མཐའ་ཁྱབ་པས། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག ། མཁའ་འགྲོ་སྙིང་ཐིག་གི་མན་ངག་ཟབ་དོན་རྒྱ་མཚོའི་སྤྲིན་ཞེས་བྱ་བ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཡབ་ཡུམ་གྱིས། བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་ཞེས་བྱ་བས། གངས་རི་ཐོད་དཀར་གྱི་ངོས་ཨོ་རྒྱན་རྫོང་གི་གནས་མཆོག་དམ་པར་སྟོན་ཀའི་ཟླ་བ་དང་པོའི་མེ་ཏོག་དང་འབྲས་བུ་སྨིན་པའི་ཚེ། སྐལ་བ་དང་ལྡན་པའི་སློབ་མ་འོད་ཟེར་གོ་ཆས་གསོལ་བ་བཏབ་པའི་ངོར། རྒྱུད་ལུང་མན་ངག་དུ་མའི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུས་ནས་བཀོད་པའི་དོན་རྒྱ་ཆེར་བཤད་པ་ཡོངས་སུ་རྫོགས་པའོ།། །། དགེ་ཞིང་བཀྲ་ཤིས།། །། |