རྒྱས་པའི་སྦྱིན་སྲེག་ཡིད་བཞིན་ནོར་བུ།

ཕག་མོ་སེར་མོའི་ཟབ་ཐིག་ལས༔ རྒྱས་པའི་སྦྱིན་སྲེག་ཡིད་བཞིན་ནོར་བུ་བཞུགས༔ བཅོམ་ལྡན་ཕག་གདོང་མཁའ་འགྲོར་འདུད༔ མ་མོ་མཁའ་འགྲོའི་རྣལ་འབྱོར་པས༔ ཚེ་དང་བསོད་ནམས་རྒྱས་འདོད་ན༔ སྟེགས་བུ་སེར་པོ་གྲུ་བཞིའི་སྟེང་༔ རཾ་གྱི་ཁོག་པར་རི་འདྲི་ཞིང་༔ རྒྱས་པའི་ཤིང་གི་གྲུ་བཞིར་བརྩེགས༔ མཁའ་འགྲོའི་བསྙེན་སྒྲུབ་ཁ་གསོ་ཞིང་༔ ལྟ་བ་གདེང་བསྐྱེད་མེ་ཐབ་བསང་༔ མེ་ལྷ་དྲང་སྲོང་བསྐྱེད་བསྟིམ་མཆོད༔ ཧཱུྃ༔ དྲང་སྲོང་ཆེན་པོ་མེ་ཡི་ལྷ༔ གཟི་བརྗིད་འབར་བ་ལྟ་ན་སྡུག༔ འོད་འབར་ཕྲེང་བའི་ཀློང་ན་བཞུགས༔ བསྲེག་བླུགས་མཆོད་པ་འདི་བཞེས་ལ༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཨཱོཾ་ཨགྣཱེ་ཡེ་སོགས་ནས་རིམ་བཞིན་མཆོད༔ མེ་ལྷ་འབར་བའི་དབྱིངས་དང་འདྲེས༔ མེ་དཔུང་རྡོ་རྗེ་རྣལ་འབྱོར་མ༔ སེར་མོ་འབུམ་གྱི་འཁོར་གྱིས་བསྐོར༔ བསྐྱེད་ཅིང་སྤྱན་འདྲེན་མཆོད་ཅིང་བསྟོད༔ སྔགས་ལ་རྒྱས་པའི་སྲེག་རྫས་འབུལ༔ ཚེ་དང་བསོད་ནམས་དཔལ་འབྱོར་སྟོབས༔ པུཥྟྀང་ཀུ་རུའྀ་ཤམ་བུས་བརྒྱན༔ བརྒྱ་དང་རྩ་བརྒྱད་སྟོང་ལ་སོགས༔ སྐབས་དང་བསྟུན་ཏེ་རྒྱས་བསྡུས་སྤྲོ༔ སྔགས་དམིགས་གནད་བསྣུན་པཱུ་ཙས་མཆོད༔ སེར་མོ་འབུམ་གྱི་ལྷ་ཚོགས་རྣམས༔ ཡོངས་སུ་དགྱེས་ནས་འདོད་པའི་དོན༔ སྐད་ཅིག་ཉིད་ལ་འཐོབ་པར་བསམས༔ ཡེ་ཤེས་དབྱིངས་གཤེགས་དམ་ཚིག་བསྡུ༔ མེ་ལྷར་གཏང་རག་མཆོད་ཅིང་བསྟོད༔ བཟོད་གསོལ་ཉེས་བཤགས་གཤེགས་གསོལ་བྱ༔ བསྔོ་བ་སྨོན་ལམ་མཐའ་རྒྱས་སྐྱོང་༔ ཉ་སྟོང་ལ་སོགས་དུས་ཆེན་ལ༔ རྒྱུན་དུ་མཆོད་བསྟོད་འདི་བརྩམས་ན༔ མཆོག་གི་དངོས་གྲུབ་བརྒྱ་རྩ་འཐོབ༔ ཐུན་མོང་མ་བརྩམས་ཞོར་ལ་འདུ༔ མ་མོ་མཁའ་འགྲོས་བཀའ་ཉན་ཅིང་༔ ཆོས་སྐྱོང་སྲུང་མས་འཕྲིན་ལས་བསྒྲུབ༔ ལྷ་འདྲེ་མི་གསུམ་དབང་དུ་བསྒྱུར༔ དེ་ཕྱིར་གཅེས་པས་ཉམས་སུ་ལོང་༔ ཐལ་བ་དཔལ་བཟང་རི་བོའམ༔ ཡང་ན་མཛོད་ཀྱི་ནང་དུ་སྦ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་ཉི་མ་གྲགས་པ་རྩལ་གྱིས་ཆགས་རུ་ཕུག་སེར་ནས་མེ་ཡོས་ཧོར་ཟླ་གཉིས་པའི་ཚེས་བཅུ་གསུམ་ལ་སྤྱན་དྲང་ཤིང་ཆགས་རུ་ཕུག་ནག་ཏུ་ཤོག་སེར་ལས་བསྒྱུར་བའོ། མངྒཱ་ལམ། །