Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
  expand section
  collapse section
  collapse section
   
  collapse section
  expand section
  collapse section
   
  collapse section
  expand section
  expand section
  expand section
   
  expand section
  expand section
   
   
   
   
  expand section


 
previousའཁོར་ཚུལ་གྱི་དབང་གིས་ས་ལ་དུས་བཞི།next

འཁོར་ཚུལ་གྱི་དབང་གིས་ས་ལ་དུས་བཞི།


MLP005_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་དེ་ལྟར་སྤྱད་པའི་ལག་རྗེས་ལ། འཁོར་ཚུལ་གྱི་དབང་གིས་ས་ལ་དུས་བཞི་དང་། མཁའ་ལ་དུས་སྦྱོར་འཆར་རྩིས། རང་རང་གི་རྐང་པའི་དབང་གིས་འཆར་ནུབ་བྱེད་ཚུལ། བསྐོར་ཕྱོགས་ཀྱི་དབང་གིས་ཉི་ཟླ་དང་སྒྲ་གཅན་འཕྲད་ཚུལ། རང་རང་གི་ལོངས་སྤྱོད་ལ་སྤྱད་པའི་དབང་གིས་ངེས་པ་འཕོ་སྡུད་སྐྱེ་ཚུལ་ལོ། །དང་པོ་ལའང་། དུས་བཞི་གནས་ཚུལ་དང་འཁོར་ཚུལ་གཉིས། དང་པོ་ནི་གཡོན་སྐོར་ཏེ། ལྷོའི་དུམ་བུ་གསུམ་ན་དཔྱིད་ཡོད་པའི་དུས་སུ། ཤར་ན་དབྱར། བྱང་ན་སྟོན། ནུབ་ན་དགུན་གྱི་དུས་ཡོད་པའི་ཕྱིར་ཏེ། ལྷོ་གླིང་དབུས་མ་ན་དཔྱིད་འབྲིང་ཡོད་པའི་དུས་སུ། ལྷོ་གླིང་ཤར་མར་དཔྱིད་ཐ། ཤར་གླིང་ནུབ་མར་དབྱར་ར། ཤར་གླིང་དབུས་མར་དབྱར་འབྲིང་སོགས་རིམ་པར་གཡོན་སྐོར་དུ་གནས་པའི་ཕྱིར། གཉིས་པ་ནི། གཡས་སྐོར་ཏེ། དུམ་བུ་རེ་རེ་ལ་ལྟོས་ནས་དཔྱིད་རྗེས་སུ་དབྱར། དབྱར་རྗེས་སུ་སྟོན། སྟོན་རྗེས་སུ་དགུན། དགུན་རྗེས་སུ་དཔྱིད་རིམ་ཅན་དུ་འབྱུང་བའི་ཕྱིར་ཏེ། ལྷོ་གླིང་དབུས་མའི་དཔྱིད་འབྲིང་དེ་ལྷོ་གླིང་ནུབ་མར་འཕོ་ཤིང་། ལྷོ་གླིང་ཤར་མའི་དཔྱིད་ཐ་ལྷོ་གླིང་དབུས་མ། ཤར་གླིང་ནུབ་མའི་དབྱར་ར་ལྷོ་གླིང་ཤར་མར་འཕོ་བ་སོགས། རིམ་པར་གཡས་སྐོར་དུ་འཁོར་ནས་འགྲོ་བའི་ཕྱིར། དེས་ན་དུམ་བུ་གང་དང་གང་ན། དབྱར་ཉི་རིང་བ་མཐར་ཐུག་ཡོད་པའི་ཚེ། དེ་ནས་བགྲངས་པའི་བདུན་པ་ན་དགུན་ཉི་ཐུང་བ་མཐར་ཐུག །གང་ན་དཔྱིད་ཉིན་མཚན་མཉམ་པ་ཡོད་པའི་ཚེ། དེ་ནས་བགྲངས་པའི་བདུན་པ་ན་སྟོན་ཉིན་མཚན་མཉམ་པ་ཡོད་དེ། རང་གར་ཡོད་དང་དེ་ནས་གཞལ་བའི་དུམ་བུ་བདུན་པ་གཉིས་སོ་སོ་ཕན་ཚུན་ལྟོས་ནས་གཅིག་ན་ཡོད་པའི་དོ་ཟླ་དེ་ཅིག་ཤོས་ན་ཡོད་པའི་ཕྱིར། དེ་ལྟར་ཡང་འགྲེལ་ཆེན་ལས། ཕན་ཚུན་ལྟོས་པ་ལས་གང་གི་ཕྱིར་སའི་
དུམ་བུ་དང་པོ་ལས་རི་ཞེས་པ་སའི་དུམ་བུ་བདུན་པ་ལ་སྟེ། ལྷུན་པོའི་ལྷོ་ནས་བྱང་དང་བྱང་ནས་ལྷོར་སའི་དུམ་བུ་བདུན་པ་ལ་ཉིན་མཚན་མཉམ་པར་འགྱུར་རོ། །ཞེས་སོ། །བྱེ་བྲག་ཏུ་སྦྱར་ན། ལྷོ་གླིང་དབུས་མར་ལུག་ཁྱིམ་དུ་དཔྱིད་མཉམ་ཡོད་པའི་ཞག་དེ་ལ། བྱང་གླིང་དབུས་མར་སྟོན་མཉམ་པ་དང་། དེ་བཞིན་སྲང་ཁྱིམ་དུ་ལྷོ་བྱང་གི་དུམ་བུར་སྟོན་དཔྱིད་མཉམ་པ་སྔ་མ་ལས་ལྡོག་པ་སོགས་སྦྱར་བ་ལས། ཁྱད་པར་རང་ཅག་རྣམས་གནས་པའི་ས་འདིར། ཉ་དང་བུ་མོར་མཉམ་གཉིས་དང་། འཁྲིག་གཞུ་ལ་བགྲོད་མཐའ་གཉིས་འཕོག་ཅིང་། དེ་ཡང་ཁྱིམ་ཞག་བརྒྱད་པ་ལ་འགྲིག་པའི་ཕྱིར། དུམ་བུ་བཅུ་གཉིས་པོ་རེ་རེར་རིམ་བཞིན་ཉིན་ཞག་རེ་ལ་ལྡོག་མཉམ་གྱི་ཚིག་རེ་འཕོག་པའི་དུམ་བུ་སུམ་ཅུ་རེ་ཡོད་པ་ལས། ས་འདི་ལྷོ་གླིང་དབུས་མའི་ཚངས་ཐིག་ནས་ཤར་ཕྱོགས་སུ་དུམ་ཕྲན་ཉེར་གཉིས་བགྲངས་པའི་ཉེར་གསུམ་པ་ཡིན་པར་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །


previousའཁོར་ཚུལ་གྱི་དབང་གིས་ས་ལ་དུས་བཞི།next