ལྷུན་གྲུབ་སྒོ་བརྒྱད་ཀྱི་ཡོན་ཏན།


GTN002_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཀྱི་སྒོ་བརྒྱད་དེར་ཡོན་ཏན་གྱི་ཆ་ཅི་ཞིག་ཡོད་ཞེ་ན། ཐོག་མའི་གཞི་ལ་ལྷུན་གྱིས་མ་གྲུབ་ན། གཞི་སྣང་འཆར་བའི་དོན་མ་མཆིས་ལ། གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་མེད་ན་འཁོར་འདས་འབྱུང་བའི་དོན་མེད་པས་གཞི་དང་གཞི་སྣང་ལ་ནང་དབྱིངས་ཕྲ་བ་དང་། ཕྱི་དབྱིངས་རགས་པར་འཆར་སྒོ་བསྟན་པའོ། །དེ་ཡང་སེམས་ཉིད་འོད་གསལ་གྱི་དབྱིངས་ལྷུན་གྲུབ་ཀྱི་གདངས་ལ་ཐུགས་རྗེ་འབྱུང་བྱེད་དུ་མེད་ན། འཁོར་འདས་གཉིས་སྡེ་ཆད་དེ་གཅིག་གིས་གཅིག་གདུལ་བྱ་འདུལ་བྱེད་དུ་མི་འཐད་དོ། །སེམས་ཅན་གྱི་རང་སྣང་འཁྲུལ་པ། སངས་རྒྱས་ཀྱི་རང་ངོ་རྣམ་དག་ཡིན་པས་སྣང་བ་མི་གཅིག་པའི་ཕྱིར་རོ། །སྣང་བ་མི་གཅིག་ཀྱང་སེམས་ཅན་གྱི་དོན་འབྱུང་བ་ནི། གཞི་ལ་ཐུགས་རྗེ་ཡོད་པ་གཞི་སྣང་ནས་ཤར་ཏེ། གདུལ་བྱ་དང་འདུལ་བྱེད་དུ་འབྲེལ་བ་ཡིན། དེ་བཞིན་དུ་འོད་གདངས་རིག་པའི་གཞི་དང་སྣང་ཆར་མེད་ན་འབྱུང་ལྔ་སོ་སོར་གསལ་བའི་དོན་མེད་ལ། དེ་མེད་ན་རིག་པ་ནང་དུ་རྒྱ་ཆད། འབྱུང་བ་གང་ཡང་མེད་པས་སྣོད་བཅུད་ཀྱི་སྣང་བ་མི་འབྱུང་ན་འོད་ལྟར་སྣང་བ་ཡོད་པ་དེའི་ཡོན་ཏན་ནོ། །གཉིས་མེད་ལྟར་མེད་ན་སྒོ་གསུམ་གཅིག་ཏུ་འབྲེལ་མི་ནུས་ན། སེམས་ཅན་གྱི་ལུས་ངག་ཡིད་གསུམ། སངས་རྒྱས་ཀྱི་སྐུ་གསུམ་འདུ་འབྲལ་
མེད་པ་དེའི་ཡོན་ཏན་ནོ། །སྐུ་ལྟར་སྣང་བ་མེད་ན་ལུས་སུ་སྣང་བ་འོང་དོན་མེད་ན་འགྲོ་བའི་ལུས་དང་རྒྱལ་བའི་སྐུར་སྣང་བ་དེ་ཡོད་པའི་ཡོན་ཏན་ནོ། །ཡེ་ཤེས་ལྟར་སྣང་བ་མེད་ན་འཁོར་བ་ལས་འདས་པར་འགྲོ་བའི་མཚམས་སྦྱོར་ལམ་གྱི་སྣང་བ་མེད་པའི་སྐྱོན་ཡོད་ན། འདི་ཡོད་པས་ལམ་དང་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཡོད་པ་དེ་དེའི་ཡོན་ཏན་ནོ། །མཐའ་གྲོལ་ལྟར་སྣང་བ་ཡོད་པས་སངས་རྒྱས་ནས་ཕྱིར་མི་ལྡོག་པ་འབྱུང་སྟེ། དེ་མེད་ན་མི་འབྱུང་བའི་ཕྱིར་དེའི་ཡོན་ཏན་ནོ། །མ་དག་པའི་སྒོ་ལྟར་སྣང་བ་ཡེ་ཤར་ལྷུན་གྲུབ་ལ་མེད་ན། སེམས་ཅན་འཁོར་བར་སྣང་བ་རིག་ངོ་འདིར་འོང་དོན་མེད་ན། དེ་ཡོད་པས་འགྲོ་དྲུག་སོ་སོའི་སྣང་བ་ཤར་བ་ཡང་དེའི་ཡོན་ཏན་ཡིན། དག་པ་ཡེ་ཤེས་ཀྱི་སྒོ་མེད་ན་མྱ་ངན་ལས་འདས་པའི་སྣང་བ་འོང་དོན་མེད་པ་ལ། དེ་ཡོད་པས་རིག་ངོར་སངས་རྒྱས་པའི་སྣང་བ་ཡོད་པ་དེ་ཡོད་པའི་ཡོན་ཏན་ནོ། །དེ་ཡང་ལྷུན་གྲུབ་ལ་དག་མ་དག་འཆར་རུང་མཐོང་བའི་སྒོ་ཡོད་པ་སྐར་ཁུང་ལྟར་ཡོད་ཀྱི། གཞི་ལ་དག་མ་དག་ཡོད་པ་ནི་མ་ཡིན་ནོ། །