རབས་བཞི་པ། སྒྲུབ་པར་ཆས་པའི་གནས་ལ་སྐྱོ་བར་བསྟན་པ།

དེ་ལྟར་ཐ་སྙད་སྤྱོད་པའི་སྐྱེ་བོ་ཀུན། །ཤེས་བྱ་ཚིག་ཕྱིར་ཤོར་བའི་སྐྱོན་བདེན་གྱི། །ཚུལ་བཞིན་སྙིང་པོའི་དོན་ལ་ཞུགས་རྣམས་ཀྱི། །རང་བཞིན་སྐྱོ་བ་གང་དེ་བཤད་ཀྱིས་ཉོན། །ཀུན་ལས་འཕགས་པའི་བཀའ་སྲོལ་མཆོག་ཡིན་ཞེས། །གཙང་སྒྲ་བདག་འཛིན་མངོན་པའི་ང་རྒྱལ་ཅན། །མ་ནོར་ལམ་དུ་ཞུགས་པར་འདོད་རྣམས་ཀྱང་། །བདག་ལྟ་མཆོག་ཏུ་འཛིན་པས་སེམས་འདི་སྐྱོ། །རང་ཉིད་སྙིང་པོའི་དམ་ཆོས་ཁས་ལེན་ཅིང་། །སྔགས་སོགས་གཞན་ལ་སྨོད་པས་ཆོས་སྤོང་བ། །བློ་ཆུང་ལོག་པར་ལྟ་བ་བྲམ་ཟེའི་རིགས། །འདུ་ཤེས་ཕྱིན་ཅི་ལོག་ལ་སེམས་འདི་སྐྱོ། །ལུས་ངག་སྤྱོད་པ་གཙང་བར་འདོད་ན་ཡང་། །སེམས་གཙང་མི་ཤེས་ཐོས་བསམ་ནོར་དང་བྲལ། །ཚུལ་འཆོས་སྤྱོད་པས་ཉིན་མཚན་འདའ་བྱེད་པ། །ཡོན་ཏན་འབྱོར་པ་སྤངས་པས་སེམས་འདི་སྐྱོ། །མི་རྟོག་ཡེ་ཤེས་དངོས་སུ་བལྟར་ཡོད་ཀྱང་། །ད་རེས་དུས་མིན་སྨོན་ལམ་ཕྱི་དུས་འདེབས། །བྱ་བྱེད་སྤྲོས་པས་གནས་ལུགས་རྟོགས་སུ་རེ། །དངོས་པོ་མཚན་མར་ཞེན་པས་སེམས་འདི་སྐྱོ། །རང་བཞིན་དག་པའི་ཆོས་ལ་བདག་མེད་ཀྱང་། །ཕྱོགས་རིས་བདག་ཏུ་ཞེན་པས་གཞན་ལ་སྡང་། །སྤྱོད་པར་བལྟ་བ་ཁྱད་དུ་གསོད་པ་ཅན། །ཐར་ལམ་བྱང་ཆུབ་རིང་ལ་སེམས་འདི་སྐྱོ། །མི་རྟག་ཚིག་ཏུ་འཆད་ཀྱང་རྟག་པར་འཛིན། །ཚད་མེད་སྙིང་རྗེ་བརྗོད་ཀྱང་རྒྱུད་མ་དུལ། །ཐམས་ཅད་བདེན་མེད་ཟེར་ཡང་དངོས་པོར་ཞེན། །འདོད་ཡོན་འདུ་འཛི་གཉེར་ལ་སེམས་འདི་སྐྱོ། །གསང་མཆོག་རྡོ་རྗེ་འཛིན་པར་འདོད་ན་ཡང་། །བསྙེན་སྒྲུབ་མི་བརྩོན་བསྐྱེད་རྫོགས་ཐུན་ལ་གཡེལ། །གསང་སྒོ་འཆོལ་བས་དམ་ཚིག་ཞིག་རལ་ཅན། །ཀུན་སྤྱོད་མཆོག་ཏུ་རྩིང་བས་སེམས་འདི་སྐྱོ། །དབང་རྣམས་མ་རྫོགས་རྒྱུད་དོན་མི་ཤེས་ལ། །བཟླས་བརྗོད་མ་ཚང་བསྙེན་སྒྲུབ་མ་ཐེམས་བཞིན། །དབང་བསྐུར་རབ་གནས་གྲོང་ཆོག་རྙེད་ཚོལ་ཅན། །གསང་སྔགས་ཁྲོམ་དུ་སྒྲོགས་པས་སེམས་འདི་སྐྱོ། །(༡༨)བགེགས་ཕྲན་འབྱུང་པོ་བསྒྲུབས་པས་སྐྱེ་བོ་སྡུད། །དྲག་སྔགས་སྙིང་རྗེ་མེད་པར་ཞེ་སྡང་འཕེལ། །ཤེས་བྱའི་གནས་ལ་རྨོངས་པས་ཐར་ལམ་རིང་། །བྱང་ཆུབ་ལམ་བཟང་སྟོར་བས་སེམས་འདི་སྐྱོ། །བསམ་གཏན་སྒོམ་པར་འདོད་པའི་ཚོགས་རྣམས་ཀྱང་། །ལུང་རིགས་མི་ཤེས་ཐོས་བསམ་སྐྱོན་དུ་བལྟ། །ཆོས་བརྒྱད་མ་བྲལ་རང་ཕྱོགས་བདག་ལྟས་ཁེངས། །ནོར་བའི་ལམ་ལ་བརྩོན་པས་སེམས་འདི་སྐྱོ། །མདོ་རྒྱུད་མ་འབྲེལ་ཆོས་ལུགས་ཡ་མཚན་ཅན། །འཁྲུལ་སྣང་འོད་གསལ་འཁྲུལ་རྟོག་ཆོས་ཉིད་ཅེས། །ལོག་རྟོག་གྲུབ་མཐས་རྨོངས་པ་ངོ་མཚར་བསྐྱེད། །འདྲེན་པའི་གཟུགས་བརྙན་མཐོང་ནས་སེམས་འདི་སྐྱོ། །ཐམས་ཅད་སྟོང་པ་ཅང་མེད་ནམ་མཁའ་བཞིན། །རྒྱུ་འབྲས་གཉིས་མེད་ད་ལྟ་རྫོགས་སངས་རྒྱས། །ས་ལམ་ཡོན་ཏན་དྲང་དོན་བསླུ་བྲིད་ཅེས། །ཆད་ལྟའི་ཆོས་རྣམས་སྟོན་པས་སེམས་འདི་སྐྱོ། །དོན་དམ་འོད་གསལ་ངོ་བོ་མི་ཤེས་པས། །ཕྱང་ཆད་སྟོང་པ་སེམས་ཀྱི་གནས་ལུགས་ཞེས། །སྲིད་རྩེའི་ལམ་གྱིས་ཐར་པ་ཐོབ་ཏུ་རེ། །མདོ་རྒྱུད་དོན་ལ་རྨོངས་པས་སེམས་འདི་སྐྱོ། །སེམས་ཉིད་མ་རྟོགས་མཐའ་བྲལ་མི་ཤེས་པར། །དྲན་རྟོག་གང་ཤར་ཆོས་སྐུ་ཟང་མ་ཞེས། །སེམས་དང་སེམས་བྱུང་ཕྲེང་བ་འདྲེན་བྱེད་པ། །དྲན་རྟོག་བདག་ཏུ་འཛིན་ལ་སེམས་འདི་སྐྱོ། །རིག་པ་མཐའ་གྲོལ་རྟེན་མེད་མ་ཤེས་པར། །རླུང་སེམས་ཉམས་ལ་གནས་ལུགས་དོན་དུ་ཞེན། །ཆགས་སྲེད་འཛིན་པས་ཉོན་མོངས་ཕྱི་ཕྱིར་འཕེལ། །ལམ་གོལ་དམན་པར་ཞུགས་ལ་སེམས་འདི་སྐྱོ། །ལེགས་ཉེས་མི་དཔྱོད་རང་གའི་ལམ་དུ་ཞུགས། །གཟུ་བོར་མི་གནས་ཕྲག་དོག་མེ་ཡིས་གདུངས། །འབྲེལ་ཚད་རང་བཞིན་རྨོངས་པར་དགོད་པ་སྟེ། །གཏི་མུག་མུན་རུམ་གྱུར་ལ་སེམས་འདི་སྐྱོ། །མདོར་ན་དིང་སང་གངས་རིའི་ར་བ་འདིར། །མཁས་བླུན་མི་ཕྱེད་སླར་ལ་རྨོངས་པ་གཙོ། །བླུན་པོའི་རྨོངས་ཟིལ་ཟས་གོས་ཆེ་ཁྱད་ཅན། །སྒྲུབ་པའི་བྱིན་རླབས་ངོ་མཚར་ཁྱད་དུ་འཛིན། །བཅོས་མའི་ཆོས་ལ་ཐར་པའི་ལམ་རེ་ཞིང་། །མདོ་རྒྱུད་བསྟན་བཅོས་བཅོས་པའི་དོན་ཞེས་འདོར། །འདིས་ནི་དམ་ཆོས་པདྨ་ཟུམ་པ་འདྲ། །བསྟན་པའི་ཉི་མ་ནུབ་ལ་སེམས་འདི་སྐྱོ། །དེ་དག་ལ་སོགས་ཚད་མེད་ཉེས་པའི་ཚོགས། །རྒྱ་མཚོའི་ཆུ་རྡུལ་ཇི་བཞིན་བསམ་མི་ཁྱབ། །འདི་དག་སྤངས་ནས་ཞི་བའི་ནགས་ཁྲོད་དུ། །ཟབ་དོན་སྙིང་པོའི་དེ་ཉིད་སྒྲུབ་པར་རིགས། །དུས་ལ་མངོན་པར་སྐྱོ་བའི་རབས་ལས། སྒྲུབ་པར་ཆས་པའི་གནས་ལ་སྐྱོ་བར་བསྟན་པ་སྟེ་རབས་བཞི་པའོ།། །།