གཡུ་ལོ་བཀོད་པའི་སྨོན་ལམ།གཡུ་ལོ་བཀོད་པའི་སྨོན་ལམ་བཞུགས། ཡེ་ཤེས་སྒྱུ་མའི་ལང་ཚོ་གསར་བ་ཡིས། །མརྒད་རི་དབང་ཉི་གཞོན་བྱེ་བའི་འོད། །ཕན་ཚུན་མཛའ་བའི་མདངས་རབ་འབྱིན་པ་ལྟར། །ལེགས་མཛེས་ཁ་དོག་བཀྲ་བའི་དཔལ་སྡུག་ཅན། །གང་གི་གཟུགས་སྐུའི་སྣང་བརྙན་ཡ་མཚན་པ། །བདག་བློ་དད་པའི་རྫིང་བུར་ལེགས་ཤར་ཏེ། །ངོ་མཚར་དགེ་ཚོགས་ཅིར་ཡང་འཕེལ་བའི་རྐྱེན། །འདིས་ཀྱང་བེམ་རིག་ནམ་ཞིག་བྲལ་མ་ཐག །འཕགས་མའི་ཞབས་རྡུལ་སྤྱི་བོར་འགོད་པའི་ཞིང་། །གནས་བཟང་གཡུ་ལོ་བཀོད་པར་བདུད་རྩིའི་མཚོ། །དྲི་མེད་ཡན་ལག་བརྒྱད་ལྡན་དྭངས་པའི་ངོགས། །པདྨོའི་གེ་སར་གསར་བར་ཡོངས་འཕོས་ཤོག །དེ་ཚེ་ལྷ་མོའི་ཞལ་བཟང་བཞད་པ་ལས། །ལེགས་པར་འོང་བའི་གདམས་པའི་བཅུད་མཆོག་གིས། །སྐལ་བཟང་ཡིད་ཁམས་རིགས་ཀྱི་གསོས་གྱུར་ཏེ། །རིང་མིན་རྒྱལ་ཡུམ་གོ་འཕང་ཐོབ་གྱུར་ཅིག །འདི་ཡང་ཆོས་ལ་བརྩོན་འགྲུས་ཆེ་བ་དཔལ་མིང་གི་མཐའ་ཅན་གང་གི་ངོར། མ་ཏིས་སྨྲས་བཞིན་མཆེད་ཀྱིས་ཡིག་རིས་བགྱིས་སོ། ། |