ཁྱད་པར་སོ་སོར་བཤད་པ།
འོ་ན་རྩ་བའི་ས་བཅད་གཉིས་པ་ཁྱད་པར་སོ་སོར་བཤད་པ་ལ་གཉིས་ཏེ། དང་པོ་ཀུན་གཞིའི་ངོ་བོ། ༡ ངེས་ཚིག ༢ །དབྱེ་བ། ༣ བྱེད་ལས། ༤ སྒྲ་འཇུག་པའི་རྒྱུ་མཚན་དང་ལྔའོ། །༥ ༡ འོ་ན་ཀུན་གཞིའི་ངོ་བོ་ནི། སེམས་སེམས་བྱུང་གིས་ཉེ་བར་བསྡུས་པས་འཁོར་འདས་ཀྱི་ལས་དང་བག་ཆགས་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་སྟེ། མ་རིག་པའི་ས་བ་ལུང་མ་བསྟན་ཏེ། ཐལ་འགྱུར་ལས། ངོ་བོ་བག་ཆགས་རྣམས་ཀྱི་སྣོད། །ཅེས་སོ། །༢ ངེས་ཚིག་ནི། བག་ཆགས་དུ་མའི་གཞི་ཡིན་པས་ཀུན་གཞི་སྟེ། སྔ་མ་ལས། ངེས་ཚིག་ཀུན་ལས་འདས་པ་ལ། །གཞི་ནི་ཚོགས་ཤིང་སོག་པའོ། །ཞེས་སོ། །༣ དབྱེ་ན། ཡེ་དོན་གྱི་ཀུན་གཞི། སྦྱོར་བ་དོན་གྱི་ཀུན་གཞི། བག་ཆགས་ལུས་ཀྱི་ཀུན་གཞི། བག་ཆགས་སྣ་ཚོགས་ཀྱི་ཀུན་གཞི་དང་བཞིའོ། །དང་པོ་ནི། རིག་པའི་སྟེང་ན་ཡེ་ཐོག་དང་པོའི་དུས་ནས་གསེར་དང་གཡའ་བཞིན་ལྷན་ཅིག་སྐྱེས་པའི་ཆ་རིག་པ་ལ་ལྟོས་པའི་མ་རིག་པ་སྟེ། འཁོར་བའི་ཆོས་ཀུན་གྱི་དང་པོའི་གཞི་དཔྱོད་བྱེད་ཐོག་མའི་འགྱུ་བ་དང་། སྦྱོར་བ་དོན་གྱི་ཀུན་གཞི་ནི། ཤེས་པ་དེ་ཉིད་ལ་རང་མ་རིག་ན་འཁོར་བར་སྦྱོར་ལ། རིག་ན་མྱང་འདས་སུ་སྦྱོར་བའི་
ཆ་ནས་བརྗོད་པས་ལུང་མ་བསྟན་པ་དང་། བག་ཆགས་སྣ་ཚོགས་པའི་ཀུན་གཞི། སེམས་དང་སེམས་བྱུང་གི་འཁོར་བར་བསྐྱེད་པའི་ཆའི། ལས་སྣ་ཚོགས་པ། བག་ལ་ཉལ་གྱི་ཆ། ལུང་མ་བསྟན་པ་སྟེ། ཤེས་པ་དེ་ཉིད་ལ་མ་དག་པའི་ལས་དང་བག་ཆགས་ཀྱི་འབྱུང་ཁུངས་ཀུན་གྱི་གཞི་བྱེད་པའི་ཆ་ནས་བརྗོད། བག་ཆགས་ལུས་ཀྱི་ཀུན་གཞི་ནི། རྩ་བའི་ཤེས་པ་དེ་ཉིད་ལ་ལུས་ཀྱི་བག་ཆགས་ཡོད་པས་ཤ་ཁྲག་འོད་ཡིད་ལུས་འཆར་བའི་ཆ་ནས་བརྗོད་དེ་ཡན་ལག་དང་ཉིང་ལག་རྡུལ་ཕྲན་ཆ་ཤས་སུ་སྣང་བ་རགས་པའི་ལུས་དང་། དངས་པ་འོད་ཀྱི་ལུས་དང་། ཏིང་ངེ་འཛིན་ལྟར་སྣང་བའི་ལུས་གསུམ་དུ་སོ་སོར་སྣང་བའི་གཞི་མ་རིག་པའི་རྟེན་གྱི་ཆ་ཅན་ཏེ། ཐལ་འགྱུར་ལས། དབྱེ་ན་ལུས་་དང་སྦྱོར་བ་དང་། །སྣ་ཚོགས་པ་དང་ཡེ་གཞིའོ། །ཞེས་སོ། །ཁ་ཅིག་གིས་རིག་པ་དངོས་དྲི་བཅས་ཀྱི་ཆ་ནས་ཀུན་གཞིར་བཏགས་པ་འདུག་སྟེ་ཆོས་དང་གཅིག་ཏུ་འདྲེས་པའི་སྐྱོན་ཡོད་པས་བག་ཆགས་ཁོ་ནར་འཇོག་པ་ནི་འཐད་དོ། །འདི་ལ་མིང་བཞིར་བརྗོད་ཀྱང་། དོན་ཤེས་གཅིག་གི་ཆ་ལ་ལྡོག་པ་བཞིར་དབྱེར་ཡོད་པས་བཏགས་ལ་ངོ་བོ་མ་རིག་པའི་ཤེས་པ་ལུང་མ་བསྟན་བག་ཆགས་ཀྱི་ས་བར་གཅིག་གོ། དེ་ལྟར་དང་པོ་འགྱུ་ཆ་ནས་བཟུང་སྟེ། ད་ལྟའི་བར་དུ་ཤེས་པ་ཐམས་ཅད་ཀྱི་རྟེན་ཀུན་གཞི་དང་། དེ་ལས་བརྟེན་པ་ཚོགས་བརྒྱད་དུ་གནས་པའང་ཆ་སོ་སོར་དབྱེ་ན། རྩ་བ་འཁོར་བའི་གོ་འབྱེད་འཆར་བའི་གཞིས་ཡེ་དོན་དང་། འཁོར་འདས་སུ་སྦྱོར་བས་སྦྱོར་བ་དོན་དང་། ལུས་སུ་སྣང་བས་
ལུས་དང་སེམས་ཀྱི་བག་ཆགས་བརྟེན་པས་ཀུན་གཞི་བཞིར་བཞག་ལ། དེ་དུས་ཤེས་པའི་རྣམ་པར་ཡོད་ཅིང་ཕྱི་ནང་ལ་མ་ཆད་པས་ཀུན་གཞིའི་རྣམ་ཤེས་སུ་བཏགས་སོ། །དེ་ལས་དབང་ཤེས་ལྔ་ལ་རང་རང་གི་ཤེས་པ་རྟོག་མེད་ཡུལ་ལྔ་འཛིན་པའི་ཆ་ནས་སྒོ་ལྔའི་རྣམ་ཤེས་སུ་བཏགས་སོ། །དེ་དུས་རྟོག་དཔྱོད་ཁ་ནང་བལྟས་ཀྱིས་རྟོག་པས་དང་པོ་དེར་མཇལ་བས་ཡིད་ཤེས་དཔྱོད་པས་ཁྱད་པར་སོ་སོར་འཛིན་པ་ལ་དོན་ཉིད་དུ་འདོད་དེ། སེམས་གཅིག་ལ་ལྡོག་པས་ཐ་དད་དུ་ཤེས་པར་བྱའོ། །དེ་ཡང་ལུས་སུ་བག་ཆགས་པའི་གཞི་ཀུན་གཞིར་བྱུང་བས། ད་ལྟ་ལུས་སུ་སྣང་བའི་གནད་དེ་ཡིན་ལ། སེམས་སུ་བག་ཆགས་པའི་གཞིར་བྱུང་བས། ད་ལྟ་རྣམ་ཤེས་དུ་མའི་ཚོགས་པ་སེམས་བྱུང་དང་བཅས་པར་བྱུང་ལ། བག་ཆགས་སྣ་ཚོགས་པའི་གཞིར་བྱུང་བས། ད་ལྟ་སྣང་བ་ཐ་དད་དུ་ཤར་བ་དང་། ཡེ་གཞིར་བྱུང་བས། ད་ལྟ་གང་ལའང་མ་རིག་པ་དང་མཚུངས་ལྡན་དུ་བྱུང་བའོ། །ཀུན་གཞི་བཞི་པོ་འདི་བག་ལ་ཉལ་གྱི་ཆ་ལུང་མ་བསྟན་ཡིན་པས་ས་འོག་གི་ས་བོན་དང་འདྲ་བར་དངོས་སུ་བལྟར་མེད་ལ། མངོན་གྱུར་གྱི་ཆོས་རྣམས་ཀྱི་རྒྱུ་ཙམ་དུ་ཡོད་ཅིང་ལུས་སེམས་སྣང་ཆའི་མ་རིག་པ་བཞི་པོ་མྱུ་གུ་དང་འདྲ་བར་དངོས་སུ་བལྟར་ཡོད་པའི་གནད་དེ་ལས་བྱུང་བའོ། །༤ བྱེད་ལས་ནི། ཡེ་ཤེས་འཁྲུལ་གཞི་བྱེད། སྦྱོར་བས་ལུས་སེམས་འབྲེལ་ནས་བདེ་སྡུག་གི་ཀུན་སྦྱོར་བྱེད། ལུས་ཀྱིས་ལུས་དང་དེའི་ཆོས་ཚོགས་པ་དུ་མའི་
རྐྱེན་བྱེད། བག་ཆགས་ཀྱིས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་བྱེད་པའོ། །༥ སྒྲ་འཇུག་པའི་རྒྱུ་མཚན་ནི། བག་ཆགས་སྔ་ཕྱིའི་ཉིང་མཚམས་དང་། ལས་ཀྱི་རྣམ་སྨིན་སྔ་ཕྱིའི་འབྲེལ་དང་། རྒྱུ་འབྲས་ཀྱི་སྟོབས་དཀར་ནག་སོ་སོ་བའི་རྟེན་བྱེད་པས་ཀུན་ཞེས་བྱ་ལ། ལྷན་ཅིག་ཏུ་ཚོགས་པའི་གནས་ཡིན་པས་གཞི་ཞེས་བྱ་སྟེ། ཐལ་འགྱུར་ལས། དེ་ལ་ཀུན་གཞི་རེ་ཞིག་བཤད། །ཆོས་དང་ཆོས་མིན་ཀུན་གྱི་གཞི། །ཞེས་པ་དང་། རྒྱུད་བླ་མའི་འགྲེལ་པར། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །རྣམ་པར་བྱང་བའི་གཞི་མའང་ཡིན། །ཞེས་སོ། །འཁོར་བའི་གཞིར་འཐད་ཀྱི་རྣམ་བྱང་གི་གཞི་ཇི་ལྟར་ཡིན་ཞེ་ན། སྤྱིར་གཞི་ལ་དངོས་ཀྱི་གཞི་ཟེར་ལས་ཉི་མ་ལྟ་བུ་དང་། དེ་ལ་སྦྱོར་བའི་གཞི་དགེ་བས་མཐོ་རིས་ཀྱི་གཞི་བྱེད་པ་ལྟ་བུ་ལས། འདི་སྦྱོར་བའི་གཞི་ལ་མིང་དུ་བཏགས་པ་སྟེ། མྱང་འདས་ལ་སྦྱོར་བའི་ཐར་པ་ཆ་མཐུན་གྱི་དགེ་བ་སྒོ་གསུམ་གྱིས་བསགས་པའི་ཀུན་གཞིའི་སྟེང་ན་ཡོད་པའི་ཆ་ལས་སོ། །ཐར་པ་ཆ་མཐུན་གྱི་ལས་དེ་མྱང་འདས་ཀྱི་ཆ་ལ་སྒྲིབ་པའི་དྲི་མ་སེལ་བའི་རྒྱུ་བྱེད་པ་ལ་མྱང་འདས་ཀྱི་རྒྱུར་བཏགས་ཀྱི་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་སུ་མི་འདོད་དེ། མྱང་འདས་ཀྱི་ངོ་བོ་འདུས་མ་བྱས་ཡིན་པས་རྒྱུ་རྐྱེན་གྱིས་གསར་དུ་བྱས་པ་འགལ་བའི་ཕྱིར། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་སོ། །
འོ་ན་གཉིས་པ་ཆོས་སྐུའི་ཁྱད་པར་བཤད་པ་ལ་ངོ་བོ། ངེས་ཚིག །དབྱེ་བ། བྱེད་ལས། སྒྲ་འཇུག་པའི་རྒྱུ་མཚན་དང་ལྔ་ལས། ༡ དང་པོ་ནི། ཐོག་མའི་ཀ་དག་ཆེན་པོ་ནང་གསལ་རང་བཞིན་ལྷུན་གྲུབ་ཀྱི་འཆར་གཞི་ཕྲ་བའི་ཡེ་ཤེས་སུ་གནས་པ་དང་། འཁྲུལ་དུས་དེའི་གདངས་ལ་བཞག་པས་བློ་དངོས་སྤྲོས་བྲལ་ཉག་གཅིག་ཏུ་རྟོགས་ནས་ཉམས་སུ་མྱོང་ཆ་དང་བཅས་པ་སྟེ། ཐལ་འགྱུར་ལས། ཆོས་ཀྱི་སྐུ་ནི་སྤྲོས་བྲལ་ཏེ། །རང་གར་འཛིན་པའི་མཚན་མ་མེད། །ངོ་བོ་སྟོང་གསལ་དབྱེར་མེད་ལ། །ཞེས་དང་། བཞུགས་ཚུལ་གནས་ལུགས་རྣམ་པ་གཉིས། །ཐོག་མའི་གཞི་ལ་གནས་པ་དང་། །འཁྲུལ་བའི་ཡུལ་ལ་གནས་པའོ། །ཐོག་མའི་ངོ་བོ་རང་བཞིན་དང་། །ཐུགས་རྗེ་རྣམ་པ་གསུམ་དུ་གནས། །དེ་ཡང་ངོ་བོར་སྐུར་གནས་པས། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་ཆར། །མ་ཕྱེ་འབྱེད་པ་མེད་པའི་ཚུལ། །བབས་ལས་གྲུབ་པ་ཉིད་ལས་ཀྱང་། །སྐུ་མདོག་ལ་སོགས་བློ་ཡུལ་མེད། །རང་བཞིན་འཆར་བྱེད་འོད་ཀྱི་ཚུལ། །དཀར་དམར་སེར་དང་ལྗང་མཐིང་ནི། །མཚན་མ་རིས་ཅན་མ་ཡིན་པར། །རིས་མེད་ཤེས་བྱའི་བབས་ལས་གྲུབ། །ཐུགས་རྗེ་འཆར་བ་སྣ་ཚོགས་ལས། །འདི་འདྲ་གཅིག་ཏུ་ངེས་མེད་པས། །སྣ་ཚོགས་སྣང་ཕྱིར་གཞི་ཞེས་བྱ། །འཁྲུལ་བའི་ཡུལ་ལ་རང་གཞག་དང་། །ཅོག་བཞག་རང་གྲོལ་རྒྱས་གདབ་བོ། །ཞེས་པ་དང་། རང་ཤར་ལས། ཆོས་སྐུ་ཡེ་ཤེས་ཆེན་པོའི་ལུགས། །མཚན་ཉིད་རྣམ་པ་གསུམ་དང་ལྡན། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ཆོས་ཀྱི་སྐུ་ཡི་མཚན་ཉིད་ཡིན། །ཞེས་སོ། །
དེ་ད་ལྟ་གང་ན་ཡོད་ཅེ་ན། སྙིང་ག་དཔལ་གྱི་བེའུ་རིན་པོ་ཆེའི་གསང་བའི་མཛོད་ན་ཡོད་པ། སྔ་མ་ལས། ཆོས་ཀྱི་སྐུ་ཡི་ཕོ་བྲང་འགྱུར་མེད་འདི། །རང་རང་ཙིཏྟའི་དཀྱིལ་ན་གསལ་བར་གནས། །སྟོང་པ་ཡེ་ཤེས་སྙིང་པོའོ། །གསལ་བ་འོད་ཀྱི་སྙིང་པོའོ། །རང་བྱུང་རིག་པའི་སྙིང་པོའོ། །སྙིང་པོ་གསུམ་ལྡན་ཆོས་ཀྱི་སྐུ། །ཡེ་ཤེས་དོན་རྟོགས་ས་ལམ་བགྲོད་དུ་མེད། །བརྗོད་པའི་མཐའ་བྲལ་ཆོས་སྐུ་ཆེན་པོ་འདི། །ཀུན་ལ་གནས་ཏེ་ཀུན་གྱིས་རྟོགས་པ་མེད། །ཡིད་མེད་སེམས་མེད་མ་རིག་འཁྲུལ་པ་མེད། །ཅེས་སོ། །འདི་ལ་རེས་གཞི་གནས་ཀྱི་ཡེ་ཤེས་སུ་བཏགས། རེས་ཆོས་སྐུར་བཏགས། རེས་གྲོལ་གཞིར་བཏགས་པ་རྣམས། ངོ་བོ་གཅིག་ལ་ལྡོག་པའི་ཆ་ནས་བརྗོད་དེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ཡིན་པར་ཤེས་པར་བྱའོ། །༢ ངེས་ཚིག་ནི། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྙིང་པོ་འདུས་པས་ཆོས་སྐུ་ཞེས་བྱ་སྟེ། ཐལ་འགྱུར་ལས། ངེས་ཚིག་ཆོས་ནི་ཡང་དག་ལམ། །སྐུ་ནི་དེ་ལས་གྲུབ་པའོ། །ཞེས་སོ། ༣ དབྱེ་ན་གསུམ་སྟེ། སྔ་མ་ལས། དབྱེ་བ་ཆོས་དང་ལོངས་སྤྲུལ་སྐུ། །གསུམ་གྱི་ཕྱེ་བས་ཁྱད་པར་འཇུག །ཅེས་པས་གཞི་ཀ་དག་གི་དོན་རང་བཞིན་རྣམ་དག་དང་། དེ་ལུས་ལ་ཡོད་པ་དང་། བློ་བུར་དྲི་བྲལ་གྱི་ཆོས་སྐུ་དམ་པ་དང་གསུམ་ལ་ལྟོས་ནས་སྐུ་གསུམ་དང་། དེ་ལས་ཕྱེ་བར་དགུར་འགྱུར་ཏེ། རང་ཤར་ལས། སྐུ་ལ་བསམ་གྱིས་མི་ཁྱབ་ཀྱང་བསྡུ་ན་གསུམ་དུ་འདུས་སོ། །གང་ཞེ་ན། ཆོས་ཀྱི་སྐུ་
མཚན་མའི་ཡུལ་ལས་འདས་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་གཟུང་བའི་ཡུལ་ལས་འདས་པ་དང་། སྤྲུལ་པའི་སྐུ་ཆགས་པའི་ཡུལ་ལས་འདས་པའོ། །