རྟོགས་པ་ཆེན་པོ།


DTG082_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་


DTG082_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བགྱི་བ་དེ་ལ་བདག་ཀྱང་སྤོབས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་སྤོབས་པ་སྐྱེད་ཅིག །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་དང་མི་མཉམ་པ་དང༌། མཉམ་པའི་སེམས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པའི་སེམས། ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པའི་སེམས་གང་ལགས་པ་དེ་ལ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ། ཆགས་པ་མ་མཆིས་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བའི་གྲངས་སུ་མཆིའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སེམས་དེ་ནི་སེམས་མ་ལགས་ཏེ། དེས་ན་དེ་ལ་ཆགས་པ་མ་མཆིས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་མཉམ་པ་དང་མཉམ་པ་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སེམས་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཆོས་འགའ་ཡང་སྐྱེ་བའམ། འགག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འཕེལ་བའམ། འགྲིབ་པའམ། འོང་བའམ། འགྲོ་བ་འམ། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་དང༌། འཕེལ་བ་མེད་ཅིང་འགྲིབ་པ་མེད་པ་དང༌། འོང་བ་མེད་ཅིང་འགྲོ་བ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པ་དེ་ལ་ཉན་ཐོས་ཀྱི་སེམས་མེད་དོ། །རང་སངས་རྒྱས་ཀྱི་སེམས་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་མི་མཉམ་པ་དང་མཉམ་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སེམས་སོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་ཁྱོད་ཀྱིས་འདི་སྐད་དུ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཟག་པ་མེད་པ་ཁོང་དུ་ཆུད་པ་མེད་པའི་


DTG082_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དེ་ལ་ཡང་ཆགས་པ་མེད་དོ་ཞེས་གང་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་གཟུགས་ལ་ཆགས་པ་མེད་པ་ཡིན་ནམ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་ཡང་ཆགས་པ་མེད་པ་ཡིན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་ཆགས་པ་མེད་པ་ཡིན་ནམ། སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ། གཟུགས་ཀྱང་ཆགས་པ་མེད་པའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡང་ཆགས་པ་མེད་པའོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་བར་ཡང་ཆགས་པ་མེད་པའོ། །བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ཡང་ཆགས་པ་མེད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་ཡང་ཆགས་པ་མེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ཡང་ཆགས་པ་མེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་ཆགས་པ་མེད་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཁྱོད་ཀྱིས་འདི་སྐད་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དེ་ཡང་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་པ་ཞེས་གང་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་མ་གཏོགས་པ་ཡིན་ནམ། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སེམས་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཐམས་ཅད་ཀྱི་སེམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུམ་གཏོགས་པ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་དེ་བཞིན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཐུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སེམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་ཡིན་ན། གཟུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་


DTG082_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཁོངས་སུ་མ་གཏོགས་པ་ཡིན་ནམ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་མ་གཏོགས་པ་ཡིན་ནམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་པ་ཡིན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་པ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཇི་སྐད་སྨྲས་པ་དེ་བཞིན་ཏེ། གཟུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་སེམས་མེད་པའི་ཕྱིར་སེམས་དེ་ལ་ཡང་ཆགས་པ་མེད་དོ་ཞེས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གཟུགས་ཀྱང་གཟུགས་མེད་པ་ལ་ཆགས་པ་མེད་པ་ཡིན་ནམ། ཚོར་བ་ཡང་ཚོར་བ་མེད་པ་ལ་ཆགས་པ་མེད་པ་ཡིན་ན། འདུ་ཤེས་ཀྱང་འདུ་ཤེས་མེད་པ་ལ་ཆགས་པ་མེད་པ་ཡིན་ནམ། འདུ་བྱེད་རྣམས་ཀྱང་འདུ་བྱེད་མེད་པ་ལ་ཆགས་པ་མེད་པ་ཡིན་ནམ། རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པ་མེད་པ་ལ་ཆགས་པ་མེད་པ་ཡིན་ནམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་མེད་པ་ལ་ཆགས་པ་མེད་པ་ཡིན་ནམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མེད་པ་ལ་ཆགས་པ་མེད་པ་ཡིན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་པ་ལ་ཆགས་པ་མེད་པ་ཡིན་ནམ། སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཇི་སྐད་སྨས་པ་དེ་དེ་


DTG082_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ཀྱང་གཟུགས་མེད་པ་ལ་ཆགས་པ་མེད་པ་ཡིན་ནོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པ་ལ་ཆགས་པ་མེད་དོ། །དེ་བཞིན་དུ་ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་།འབྱུང་བ་སོ་སོ་བ་དང༌། བསྡུས་པ་རྣམས་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པ་མེད་པ་ལ་ཆགས་པ་མེད་དོ། །ཕ་རོལ་ཏུ་ཕྱིན་པ་དང༌། མངོན་པར་ཤེས་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང༌། སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མེད་པ་ལ་ཆགས་པ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པའི་སེམས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སེམས་དེས་ཀྱང་ཆོས་ཐམས་ཅད་ལ་མི་དམིགས་པའི་ཚུལ་གྱིས་རློམ་སེམས་སུ་འགྱུར་བ་མེད་མངོན་པར་ཆགས་པར་འགྱུར་བ་མེད་དེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བྱ་བ་ནི་རྟོགས་པ་ཆེན་པོ་ཉིད་དོ། །འདི་དག་གིས་ནི་སྒྲུབ་པའི་ཆེད་དུ་བྱ་བ་བསྟན་ཏོ། །