ལས་ཀྱི་མཐའ་རྣམ་པར་འབྱེད་པ་ཞེས་བྱ་བ།
ཀླུའི་བློ།


DTG035_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀརྨ་ཨནྟ་བི་བྷ་ངྒ་ནཱ་མ། བོད་སྐད་དུ། ལས་ཀྱི་མཐའ་རྣམ་པར་འབྱེད་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐོག་མ་དབུས་མཐའ་སྤངས་པ་ཡི། །སྟོང་པ་བཞི་ལ་ཕྱག་འཚལ་ནས། །ཐམས་ཅད་དག་ཅིང་རྣམ་དག་པའི། །རིམ་པའི་དབྱེ་བས་ངེས་སྦྱར་བྱ། །ཡེ་ཤེས་རྣམ་གསུམ་ལས་བྱུང་བ། །ཁམས་བཞི་དང་ནི་དབང་པོ་དྲུག །ཕུང་པོ་ལྔ་དང་སྒོ་དགུ་དང༌། །འགྲོ་བ་གསུམ་པོ་ཕལ་ཆེར་ནི། །སྐྱེ་གནས་རྣམ་པ་བཞི་ཡིན་ཏེ། །སྒོང་སྐྱེས་དང་ནི་མངལ་སྐྱེས་དང༌། །དྲོད་གཤེར་སྐྱེས་ནི་གསུམ་པ་ཡིན། །བཞི་པ་ཡང་ནི་རྫུས་སྐྱེས་སོ། །ཐོག་མེད་སངས་རྒྱས་ཀྱིས་གསུངས་པ། །རྣམ་ཤེས་གསུམ་པོ་བསྒོམས་པས་ནི། །དུས་གསུམ་དུ་ནི་སྤྱད་པའི་ལས། །རྣམ་ཤེས་གསུམ་གྱི་རྒྱུ་ཅན་ནོ། །ཡེ་ཤེས་གསུམ་པོ་ཞེས་བརྗོད་པ། །དེ་ཡང་སྣང་བ་ཙམ་ཉིད་དེ། །དང་པོ་མ་རིག་ཤེས་པར་བྱ། །གཉིས་པ་དེ་བཞིན་སེམས་ལས་བྱུང༌། །གསུམ་པ་སེམས་ཞེས་བྱ་འདི་རྣམས། །སྟོང་ཉིད་གསུམ་དུ་བརྗོད་པ་ཡིན། །སྟོང་ཉིད་གསུམ་ལས་བྱུང་བའི་རླུང༌། །དེ་ཉིད་དང་ནི་ཀུན་དུ་གནས། །དེ་ཡི་བཞོན་པ་ཉིད་འགྱུར་ཏེ། །བདག་ཉིད་ཀྱང་ནི་སྟོང་པའི་ཕྱིར། །རྣམ་ཤེས་ལས་ནི་རླུང་འབྱུང་སྟེ། །དེ་ལས་མེ་ནི་ཡང་དག་འབྱུང༌། །དེ་ལས་ཆུ་ནི་འབྱུང་བར་འགྱུར། །དེ་ལས་ཡང་ནི་ས་འབྱུང་ངོ༌།།


DTG035_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ལས་ནི་ཕུང་པོ་འབྱུང༌། །དེ་ལས་ཡང་ནི་སྐྱེ་མཆེད་འབྱུང༌། །དེ་ལས་ཡེ་ཤེས་རང་བཞིན་རྣམས། །བརྒྱ་ནི་དྲུག་ཅུ་དང་བཅས་སླར། །སྐད་ཅིག་འདོད་ཆགས་བྲལ་དང་འཇིགས། །ལ་ལར་མྱ་ངན་ཞི་བ་ཉིད། །ལ་ལར་བྱམས་དང་སྙིང་རྗེ་དང༌། །སོ་སོར་རྟོག་དང་ཡིད་གང་དང༌། །ལ་ལར་སྲེད་པ་རྣམ་རྟོག་དང༌། །རིག་བྱ་རིག་དང་ངོ་ཆེ་ཤེས། །དལ་དང་མི་དགེ་རང་བཞིན་མེད། །ཉེ་བར་ལེན་དང་སོགས་པ་དང༌། །ལ་ལར་བཀྲེས་སྐོམ་སེར་སྣ་དང༌། །ལ་ལར་དོགས་དང་ཚོར་པ་སྟེ། །སེམས་ཀྱི་རང་བཞིན་འདི་རྣམས་ནི། །སྣང་བའི་ཡེ་ཤེས་རྒྱུ་ཅན་ནོ། །སྐད་ཅིག་འདོད་ཆགས་དེ་བཞིན་དགའ། །ལ་ལར་གདུག་པ་ནུས་པ་དང༌། །ལ་ལར་ང་རྒྱལ་དེ་བཞིན་སྤྲོ། །ལ་ལར་རངས་པ་བཙན་ཐབས་འགར། །ལ་ལར་བརྟན་དང་སྟོབས་ཅན་ཉིད། །ལ་ལར་ངག་ནི་གསལ་བར་འགྱུར། །ལ་ལར་བདེན་དང་མི་བདེན་དང༌།། ལ་ལར་སྤྲོ་བྱེད་བྱེད་པོ་ཡང༌། །ལ་ལར་དཔའ་བོ་བརྩོན་འགྲུས་དང༌། །ངོ་ཚ་མེད་དང་བསྐུལ་བ་འགར། །འགར་ཡང་ངོ་མཚར་དྲག་པོ་དང༌། །ཞེ་འགྲས་སྦྱིན་པ་པོ་ཉིད་དང༌། །མི་སྲུན་པ་ཉིད་གྱ་གྱུ་ཉིད། །རྣམ་པར་སྒེག་པའང་སེམས་ལས་བྱུང༌། །བརྗེད་ངས་པ་དང་ལ་ལར་འཁྲུལ། །ལ་ལར་རྣམ་པར་གཡེང་བ་ཉིད། །ལེ་ལོ་ཉིད་དང་ལ་ལར་ངལ། །ལ་ལར་མི་སྨྲའི་དངོས་པོར་འགྱུར། །ལ་ལར་ཐེ་ཚོམ་ཉིད་ཤེས་བྱ། །མ་རིག་པ་ཡི་དུས་སུ་འབྱུང༌། །ཡེ་ཤེས་རང་བཞིན་འདི་རྣམས་ནི། །ལྔ་བཅུ་རྩ་བཞི་དག་ཏུ་བཤད། །མཚན་མོ་ཉིན་མོའི་དབྱེ་བ་ཡིས། །ཡང་ནས་ཡང་དུ་རབ་ཏུ་འཇུག །བཞི་རྣམས་སོ་སོའི་དོར་སོན་པ། དེ་བཞིན་ཕུང་པོ་དབང་པོ་ལའོ། །སྔོན་ནི་ཇི་ལྟར་འོངས་པ་བཞིན། །རིམ་པ་འདི་ཡིས་ཐིམ་འགྱུར་ཏེ། །དང་པོ་ས་ནི་ཆུ་ལ་འཇུག །ཆུ་ནི་མེ་ལ་ཐིམ་འགྱུར་ཞིང༌། །མེ་ནི་རླུང་ལ་ཐིམ་པར་འགྱུར།། རླུང་ནི་རྣམ་པར་ཤེས་ལ་འཇུག །རྣམ་ཤེས་འཛིན་པར་གཤེགས་ནས་སུ། །འོད་གསལ་བར་ནི་དེ་ནས་ཞུགས། །དེ་ལས་དྲི་ཟ་ཉིད་གྱུར་ནས། །ལས་ཀྱིས་བསྐུལ་ལས་སྐྱེ་བར་འགྱུར། །དེ་ལྟར་སྐྱེ་བ་སྟོང་རྣམས་སུ། །སྐྱེས་ཤིང་སྐྱེས་ནས་ཡང་དང་ཡང༌། །རང་བཞིན་


DTG035_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་ཞིང་ཀུན་དུ་འཁྲུལ། །རྟོག་གེ་རྣམས་ཀྱི་ཡུལ་མིན་ལ། །སྣང་བ་ཡོངས་སུ་ཤེས་པ་ནི། །འགྲོ་བས་མ་རྙེད་བར་དུའོ། །སྣང་བ་རྙེད་པ་དག་ཀྱང་ནི། །སླར་ཡང་རྙེད་པ་ཤིན་ཏུ་དཀའ། །རྡུལ་དང་མུན་པ་སྙིང་སྟོབས་ཤེས། །འདི་ནི་གཞན་གྱིས་ཀུན་དུ་བརྟགས། །སྣང་བ་གསུམ་པོ་འདི་ཉིད་ཀྱི། །རང་བཞིན་ཤེས་པ་སྤངས་པའི་ཕྱིར། །སྲིད་དང་མྱ་ངན་ལས་འདས་པའི་རྒྱུ། །ཡེ་ཤེས་གསུམ་པོ་འདི་རུ་བཞེད། །སྣང་བའི་རང་བཞིན་གང་དུ་གནས། །དེ་རུ་སྡིག་དང་བསོད་ནམས་དག །སྣང་བ་གསུམ་པོ་དག་པ་ནི། །ངེས་པར་བདེ་བར་གཤེགས་པའི་གནས། །ཚངས་པ་ཁྱབ་འཇུག་དྲག་པོ་དང༌། །གང་གཞན་སེར་སྐྱ་ལ་སོགས་རྣམས། །རང་བཞིན་སྣང་བ་ཀུན་དུ་རྨོངས། །རྣམ་དག་ལ་ཡང་རྣམ་ཀུན་དུ། །བསྐལ་པ་མཐའ་ཡས་རྣམས་སུ་ཡང༌། །མགོ་དང་རིན་ཆེན་སོགས་སྦྱིན་པས། །སྣང་བ་རྣམ་པར་མ་དག་ན། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །མཐའ་ཡས་བསྐལ་པ་རྣམས་སུ་ཡང༌། །དེ་བཞིན་ཚུལ་ཁྲིམས་བཟོད་སོགས་ཀྱིས། །སྣང་བ་རྣམ་པར་མ་དག་ན། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །མཐའ་ཡས་བསྐལ་པ་རྣམས་སུ་ཡང༌། །སྔགས་ཀྱི་སྐུ་ཡི་ཏིང་འཛིན་གྱིས། །སྣང་བ་རྣམ་པར་མ་དག་ན། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །སྣང་བ་གསུམ་པོ་དག་པ་ནི། །ཐམས་ཅད་མཁྱེན་ཉིད་ཐེ་ཚོམ་མེད། །བླ་མ་བརྒྱུད་པའི་རིམ་ཉིད་ཀྱིས། །དེ་ནི་ཐོབ་འགྱུར་གཞན་གྱིས་མིན། །སྤྲིན་ནི་འབྲུག་སྒྲའི་རྣམ་པ་དང་ལྡན་ནམ། །ནམ་མཁའི་ཁོང་ནས་ཀུན་དུ་འབྱུང་བ་རྣམས། །ཕྱོགས་བཅུ་བསྐོར་ནས་གནས་ཤིང་དེ་ཉིད་དུ། །སླར་ཡང་ཡལ་བར་མཐོང་བ་ཇི་ལྟ་བ། །དེ་ལྟར་རྣམ་ཤེས་རྣམས་ནི་འོད་གསལ་གནས་ལས་འཐོན་ཞིང་སླར་ཡང་ཞིག་གྱུར་ནས། །རང་བཞིན་རྣམ་པ་སྣ་ཚོགས་རྣམས་སུ་གནས་ཤིང་དེ་ཉིད་དུ་ནི་ཡལ་བར་འགྱུར། །ལས་ཀྱི་མཐའ་རྣམ་པར་འབྱེད་པ་ཞེས་བྱ་བ་རྗེ་བཙུན་འཕགས་པ་ཀླུའི་བློའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་མ་ཎི་ཀ་ཤྲཱི་ཛྙཱ་ན་དང༌། བླ་མ་རྗེ་བཙུན་ཆེན་པོ་རེ་བེན་ཏའི་ཞལ་སྔ་ནས་གུས་པར་མཉན་ནས་ཆག་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།