སྒྲོན་མ་བཞི་སྐོར།

དང་པོ། གཞི་སྒྲོན་མ་བཞིར་ངོ་སྤྲད།

༄༅༔ སྒྲོན་མ་བཞི་སྐོར་བཞུགས་སོཿ རིན་ཆེན་ཤོག་སེར་གྱི་སྐོརཿ

༄༅༔ རྒུག།མྱཾཆྱཁྱབྱི། སྒྲོན་མ་བཞི་སྐོར་ཞེས་བྱ་བཿ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོཿ རབ་ཟབ་སྙིང་གི་འོད་ཟེར་གྱིསཿ སྒྲོན་མའི་སྣང་བ་(༤༦)དཔག་མེད་སྟོནཿ ཡེ་ཤེས་བླ་ན་མེད་པ་ཡིཿ འབྱུང་གནས་དེ་ལ་གུས་ཕྱག་འཚལཿ དང་པོ་ཁོ་ནར་མཁའ་འགྲོ་ཡིཿ རྗེས་སུ་ཞུགས་དག་འདི་ཉིད་དུཿ རང་གི་བློ་ཡི་འོད་ཟེར་གྱིསཿ འགྲོ་བློའི་པདྨོ་དབྱེ་བར་བྱཿ དེ་ལ་གཞི་སྒྲོན་མ་བཞིར་ངོ་སྤྲདཿ ལམ་སྒྲོན་མ་བཞིར་ཉམས་སུ་བླང་བཿ འབྲས་བུ་སྒྲོན་མ་བཞིའི་གྲོལ་ཚུལ་བསྟན་པ་དང་གསུམ་ལསཿ དང་པོ་ལ་གཉིས་ཏེཿ སྔོན་འགྲོ་ནི་ངོ་སྤྲོད་ཀྱི་ཁང་བུ་ཕྱོགས་ཕྱེད་པའི་སར་སྔ་དྲོའི་ཚེཿ ཉི་མའི་ངོས་སུ་གསེར་སྐུའམཿ བྲིས་སྐུ་སྟེང་འོག་འཁོར་ཡུག་ཏུཿ ཡེ་ཤེས་ལྔའི་དྲུ་བུ་དྲ་བ་རིས་སུ་བསྐོར་བ་འོད་ཀྱི་ཕུང་པོ་ལྟར་བྱས་པའི་མཐའ་ན་ཕརཿ ཚེ་འཛིན་འོད་ཟེར་རིས་སུ་བཀྲམ་པའི་བར་བར་དངཿ རྩེ་མོར་ཏིང་ཕོར་བཀྲམ་ཞིངཿ ཚེ་འཛིན་ལུ་གུ་རྒྱུད་དུ་འཁྱོགས་པའི་རི་མོ་མང་པོར་བྱཿ ཚོགས་གཏོར་བཤམསཿ ཡོལ་བ་བླ་རེས་བྲེས་ལ་མཎྜལ་ཕུལ་ཏེཿ གསོལ་བ་གདབ་བོཿ དེ་ནས་དངོས་གཞི་ནི་རྡོ་རྗེ་སེམས་དཔའི་མེ་ལོང་ལ་མ་ཡེངས་པར་བལྟས་ཏེཿ སྣང་བ་དེ་ཀུན་ནམ་མཁའ་དཀྱིལ་ན་ཕར་སྣང་བ་ལཿ བླ་མས་འདི་ལྟར་ངོ་སྤྲད་དོཿ ཨེ་མ་འདི་ལྟར་ཤེས་པར་གྱིས་ཤིགཿ དབུས་ཀྱི་འོད་ཟེར་གྱི་ཕུང་པོ་འདི་ནིཿ སྙིང་གི་ནང་ན་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ལྔ་ལྷུན་གྲུབ་ཏུ་ཡོད་པའི་དཔེའོཿ དེའི་ནང་ན་འོད་ཟླུམ་པོ་མུ་ཁྱུད་དུ་སྣང་བ་འདི་ནི་ཐིག་ལེ་སྟོང་པའི་སྒྲོན་མ་མཚོན་པའི་དཔེའོཿ དེའི་དབུས་ན་ལྷའི་སྐུ་སྣང་བ་འདི་ནི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུཿ ནང་གསལ་བུམ་པའི་རང་བཞིན་དུ་ནང་ན་འོད་གསལ་བར་བཞུགས་པའི་དཔེའོཿ དེ་ཐམས་ཅད་ཀྱི་མཐར་འོད་ཟེར་དང་འོད་དཀར་པོར་སྣང་བ་འདི་ནིཿ རྩ་རྣམས་ཀྱི་ནང་ན་ཐིག་ལེ་ཐིག་ཕྲན་དུ་སྣང་བའི་དཔེའོཿ བར་ན་ལུ་གུ་རྒྱུད་འོད་ཟེར་གྱི་ཐག་པ་ལྟར་སྣང་བ་ནི་ཡེ་ཤེས་འོད་ཀྱི་རྩའི་རང་གདངས་མཚོན་པའི་དཔེའོཿ དེ་ཡང་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ལས་གྱེས་པའི་འོད་རྩ་འགྲེང་བུ་རྣམས་ནིཿ རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་འདི་འཆར་བའི་དཔེའོཿ གདངས་གཉིས་པ་གསུམ་པ་ནམ་མཁར་སྣང་བ་འདི་ནིཿ ཁྲོ་བོའི་དཀྱིལ་འཁོར་ཞི་བའི་རང་གདངས་ཡིན་པའི་དཔེའོཿ དེ་ལྟ་བུའི་སྣང་བ་སྣ་ཚོགས་གཅིག་ལས་མང་པོར་སྣང་བ་འདི་ནིཿ སྙིང་དབུས་ནས་རྩ་(༤༧)དར་དཀར་གྱི་སྐུད་པ་འདྲ་བ་ལས་ཐོན་ཏེཿ རྒྱང་ཞགས་ཆུའི་སྒྲོན་མའི་དབུས་ན་གསལ་བའི་སྣང་བཿ ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་སྙིང་ནང་གི་གདངས་རྣམས་འཆར་བ་ནི་མེ་ལོང་ལ་བཞིན་གྱི་དཀྱིལ་འཁོར་འཆར་བ་ལྟ་བུ་སྟེཿ དབྱིངས་རྣམ་དག་གི་སྒྲོན་མའི་རྟགས་སུ་འོད་ཁྱིམ་སྣང་བ་འདི་ཡིན་ནོཿ ཐིག་ལེ་སྟོང་པའི་སྒྲོན་མའི་རྟགས་སུ་དེའི་ནང་ན་འོད་ཀྱི་འཁོར་ལོ་སྣང་བ་འདི་ཡིན་ནོཿ རིག་པའི་སྐུ་ཡོད་པའི་རྟགས་སུ་དེའི་དབུས་ན་རྡོ་རྗེ་ལུ་གུ་རྒྱུད་སྣང་བ་འདི་ཡིན་ནོཿ དེའང་ཐུགས་རྗེ་རང་བྱུང་གི་ཡེ་ཤེས་རང་གསལ་ཆེན་པོ་ཤེས་རབ་ཡེ་ཤེས་རང་བྱུང་གི་སྒྲོན་མའི་རྟགས་སུཿ སྣང་བ་འདི་དག་ལ་ལྟོས་ལ་དར་ཅིག་སེམས་མཉམ་པར་ཞོག་ཅིགཿ འོ་དེའི་དུས་ན་ཤེས་པ་རང་གསལ་སྣང་སྟོང་འཛིན་མེད་ཆེན་པོར་སྣང་བ་འདི་རང་ཡིན་ནོཿ དེ་ལྟར་ན་ངོ་བོའི་རྟགས་སུ་སྐྱེ་མེད་སྤྲོས་པ་དང་བྲལ་བ་ལཿ རང་བཞིན་གྱི་རྟགས་སུ་འོད་སྣ་ཚོགས་སུ་གསལ་ཞིངཿ ཐུགས་རྗེའི་རྟགས་སུ་ཤེས་པ་གསལ་སྟོང་དུ་འཆར་བ་འདི་ཁོ་ན་གདོད་མའི་མགོན་པོ་འོད་མི་འགྱུར་བ་སྙིང་གི་དབུས་ན་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་བཞུགས་པ་ཡིན་པར་ཤེས་པར་གྱིས་ཤིག་ཅེས་སོཿ

གཉིས་པ། ལམ་སྒྲོན་མ་བཞིར་ཉམས་སུ་བླང་བ།

གཉིས་པ་ལམ་སྒྲོན་མ་བཞིར་ཉམས་སུ་བླང་བ་ནིཿ བཞུགས་སྟངས་གསུམ་དང་ལྟ་སྟངས་ཀྱི་གཟིགས་སྟངས་གསུམ་ལ་གནད་གཅུན་ལཿ ནམ་མཁར་སྣང་དུས་ངོ་སྤྲད་པ་བཞིན་ཉམས་སུ་བླང་བ་སྟེཿ དེའང་ལུས་མ་འགུལ་བསཿ རྩ་དང་མིག་མི་འགུལཿ ཆུའི་སྒྲོན་མ་མ་འགུལ་བས་ཕྱིའི་དབྱིངས་ནམ་མཁའ་ལ་ནང་གི་དབྱིངས་རྣམ་དག་གི་སྒྲོན་མ་འོད་ཀྱི་འཇའ་ཚོན་རིས་སྣང་བའི་ནང་ན་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཀྱི་འཁོར་ལོར་བཞག་ལཿ དེའི་ནང་དུ་ཤེལ་སྦུག་ཅན་གྱི་རང་གདངས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བཞག་ནསཿ གཟེར་བཏབ་པ་བཞིན་མི་འགུལ་བར་བྱས་པསཿ ཤེས་པ་གསལ་སྟོང་སྤྲོས་པ་དང་བྲལ་བ་ཤེས་རབ་རང་བྱུང་གི་སྒྲོན་མ་འཆར་རོཿ དེ་ཉིད་ཀྱི་ངང་ལ་མ་ཡེངས་པར་བསྒོམ་པ་ནིཿ རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཏིག་གི་གནད་མཐར་ཐུག་པའོཿ དེའང་རྒྱང་ཞགས་ཆུའི་སྒྲོན་མ་ལས་སུ་རུང་(༤༨)བས་མིག་གིས་གཟིགས་སྟངས་གསུམ་གང་ལ་བལྟས་ཀྱངཿ མི་བདེ་བ་མེད་པར་སྡོད་པའོཿ དབྱིངས་རྣམ་དག་གི་སྒྲོན་མ་ལས་སུ་རུང་བས་འོད་ཁྱིམ་ལྔ་ལྡན་དུ་རང་གསལ་ལོཿ ཐིག་ལེ་སྟོང་པའི་སྒྲོན་མ་ལས་སུ་རུང་བས་རིག་པའི་རང་ཡུལ་རང་གསལ་བའོཿ ཤེས་རབ་རང་བྱུང་གི་སྒྲོན་མ་རང་གསལ་བས་རྡོ་རྗེ་ལུ་གུ་རྒྱུད་ལ་བརྟན་པ་ཐོབ་སྟེ་འགུལ་འཕྲིགས་མེད་ཅིངཿ ནང་རྩ་འོད་དུ་སོང་བས་ཤ་ཁྲག་རུས་པ་ལ་སོགས་པ་འོད་དུ་འགྲོ་བའི་དགོས་པ་ཡོད་དོཿ དེ་ལྟར་སྒྲོན་མ་བཞིའི་གནད་ཀྱིས་ལམ་སྣང་བ་བཞིའི་འཆར་ཚུལ་ངོས་ཟིན་ཏེཿ ལམ་སྣང་གི་ཡོན་ཏན་ལོངས་སྐུའི་ཞིང་དུ་གྲོལ་ནས་ཚེ་འདི་ཉིད་ལ་ལྷག་མེད་འགྲུབ་པའི་དགོས་པ་ཡོད་དོཿ དེའང་རྒྱང་ཞགས་ཆུའི་སྒྲོན་མ་མི་གསལ་ན་སྨན་དང་སྔགས་ལ་སོགས་པས་བཅོས་པར་བྱའོཿ དབྱིངས་རྣམ་དག་གི་སྒྲོན་མ་མི་གསལ་ནཿ ཉི་མའི་ངོས་ལ་ཁྲུ་གང་གིས་མ་རེག་པར་བལྟས་ལ་ཁད་ཀྱིས་ཉི་མ་དང་ཕྲལ་ལ་ཉམས་སུ་བླང་ངོཿ ཐིག་ལེ་སྟོང་པའི་སྒྲོན་མ་མི་གསལ་ན་དབྱིངས་ཀྱི་སྣང་བ་ལ་མི་འགྱུར་བར་བལྟའོཿ ཤེས་རབ་རང་བྱུང་གི་སྒྲོན་མ་མི་གསལ་ན་རྡོ་རྗེ་ལུ་གུ་རྒྱུད་འགྲོ་འོང་མེད་པས་རླུང་རབ་ཏུ་དལ་བ་ལ་བསླབ་བོཿ དེས་ནི་སྒྲོན་མ་བཞིའི་སྣང་བ་གོང་དུ་འཕེལ་ཞིང་ཆོས་ཉིད་མངོན་སུམ་གྱི་སྣང་བ་ལ་ཐིག་ལེ་སྟོང་པའི་སྒྲོན་མ་རང་གི་སྨིན་མཚམས་ལས་བྲལ་ཏེཿ གསུམ་སྦྲེལ་དུ་སྣང་བ་ནས་ཉམས་སྣང་གོང་དུ་འཕེལ་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་རྐྱང་པ་སྣང་བ་ནཿ རིག་པ་ཚད་ལ་ཕེབས་ཏེ་ཡབ་ཡུམ་ཟུང་འབྲེལ་དུ་སྣང་ཞིངཿ ཕྱི་ནང་གི་རྡོས་བཅས་རྟོག་ཚོགས་དང་བཅས་པ་སྣང་བའི་འཕེལ་ཆ་རྣམས་ཀྱང་ཟད་ནསཿ འོད་ཕུང་གི་ནང་ན་རང་གི་ལག་སོར་ཙམ་ལས་མི་སྣང་བ་ནི་ཆོས་ཉིད་ཟད་པའི་སྣང་བ་སྟེཿ དེ་ལས་ཀྱང་འདས་ནས་འོད་གསལ་ནང་ཐིམ་ལ་ལྷག་མེད་འགྲུབ་པ་ཡིན་ནོཿ

གསུམ་པ། འབྲས་བུ་སྒྲོན་མ་བཞིའི་གྲོལ་ཚུལ་བསྟན་པ།

གསུམ་པ་འབྲས་བུ་སྒྲོན་མ་བཞིའི་གྲོལ་ཚད་ནིཿ རབ་ལ་ཚེ་འདིར་འོང་ལ་ཕལ་པ་རྣམས་ལ་བར་དོར་འཆར་ཏེཿ འཆི་ཁའི་སྣང་བ་ལས་ཐལ་ཏེཿ རྣམ་ཤེས་ནམ་མཁའ་ལཿ ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེཿ རྒྱང་ཞགས་ཆུའི་སྒྲོན་མ་ལས་ཐུགས་རྗེ་རྒྱུན་གྱི་ཐག་པ་ནམ་མཁར་འབྲེལ་བ་ལསཿ (༤༩)དབྱིངས་རྣམ་དག་གི་སྒྲོན་མ་འོད་གསལ་གྱི་སྣང་བས་འཇིག་རྟེན་ཁེངས་པ་འོང་ངོཿ དེའི་ཚེ་རང་སྣང་རང་ངོ་ཤེས་པས་ཤེས་རབ་རང་བྱུང་གི་སྒྲོན་མ་ཤར་ཏེཿ ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཀྱི་འཁོར་ལོ་ལས་སྐད་ཅིག་མ་ལས་ནང་གསལ་དུ་གྲོལ་ལོཿ དེ་ལ་གདེང་མ་རྙེད་ན་འོད་གསལ་ཟུང་འཇུག་ལ་ཐིམ་པའི་ཚེཿ དབྱིངས་རྣམ་དག་གི་སྒྲོན་མས་སྟོང་གསུམ་འོད་སྣང་དུ་ཤར་བའི་ནང་དུཿ ཐིག་ལེ་སྟོང་པའི་སྒྲོན་མ་རང་ཤར་བའི་དབུས་སུ་ཞི་ཁྲོའི་སྣང་བ་ཤར་ནསཿ ཟེར་ཐག་སྙིང་གར་ཟུག་པའི་ཚེཿ རང་བཞིན་གྱིས་བསམ་གཏན་ལ་ཞག་ལྔར་གནས་པསཿ ཤེས་རབ་རང་བྱུང་གི་སྒྲོན་མ་ཤར་ཏེཿ རང་ངོ་ཤེས་པས་དེ་ཉིད་དུ་གྲོལ་ལོཿ དེ་ལའང་གདེང་མ་རྙེད་ན་ཟུང་འཇུག་ཡེ་ཤེས་ལ་ཐིམ་པའི་ཚེཿ དབྱིངས་རྣམ་དག་གི་སྒྲོན་མ་ཡེ་ཤེས་བཞི་སྦྱོར་དུ་གསལ་བའི་ནང་དུཿ ཐིག་ལེ་སྟོང་པའི་སྒྲོན་མ་ཐིག་ལེའི་རྣམ་པར་མཐོང་དུསཿ ཤེས་རབ་རང་བྱུང་གི་སྒྲོན་མ་རང་གསལ་འཛིན་མེད་རང་གྲོལ་དུ་ཤེས་པས་གྲོལ་ལོཿ དེ་ལའང་ངེས་པ་མ་རྙེད་ནཿ ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེར་ཐིམ་པའི་ཚེཿ དབྱིངས་རྣམ་དག་གི་སྒྲོན་མ་ལས་འོད་དུ་གསལ་ཞིངཿ ཐིག་ལེ་སྟོང་པའི་སྒྲོན་མ་ལས་འོད་ལྔའི་མུ་ཁྱུད་དུ་སྣང་བའི་ནང་ནཿ ལྷའི་སྐུ་མང་པོ་གསལ་བ་ལཿ རང་སྣང་སྤྲོས་པ་དང་བྲལ་བ་ཤེས་རབ་རང་བྱུང་གི་སྒྲོན་མ་ཤར་བས་རང་གྲོལ་ནསཿ ཐིམ་ལུགས་བརྒྱད་ཀྱིས་གདོད་མའི་སར་ནང་གསལ་དུ་གྲོལ་ལོཿ དེ་ལྟར་བར་དོའི་འཆར་སྣང་ཇི་སྙེད་པ་ཐམས་ཅད་སྒྲོན་མ་བཞིའི་སྣང་བ་ལས་རང་བྱུང་བའོཿ

དེ་ནས་གདོད་མའི་སར་ཐིམ་པའི་ཚེ་སྒྲོན་མ་བཞི་དབྱིངས་སུ་འཁྱིལ་ཏེཿ ངོ་བོ་ཀ་དག་གི་སྣང་བ་ནམ་མཁའ་རྣམ་པར་དག་པ་ལྟ་བུའམཿ མན་ཤེལ་དྲི་མ་མེད་པ་འདྲ་བའི་སྦུབས་སུཿ དབྱིངས་རྣམ་དག་གི་སྒྲོན་མཿ ཐིག་ལེ་སྟོང་པའི་སྒྲོན་མཿ ཤེས་རབ་རང་བྱུང་གི་སྒྲོན་མཿ རྒྱང་ཞགས་ཆུའི་སྒྲོན་མ་ནི་དེའི་ཚེཿ དངོས་སུ་ཐིམ་རྒྱུར་མེད་ཀྱང་འཆར་གཞིའི་ཆ་ལ་བཏགས་པསཿ དེ་བཞི་ཀ་དག་ནམ་མཁའ་ལྟ་བུའི་ངང་ན་ནང་གསལ་དུ་གནས་པ་ལཿ དབྱིངས་སུ་འཁྱིལ་བ་ཞེས་བྱའོཿ དེ་ལས་ལོངས་སྐུར་སྣང་བའི་(༥༠)ཚེཿ དབྱིངས་རྣམ་དག་གི་སྒྲོན་མས་ཞིང་ཁམས་སྟུག་པོ་བཀོད་པའི་སྣང་བ་སྟོནཿ ཐིག་ལེ་སྟོང་པའི་སྒྲོན་མས་གཞལ་ཡས་ཁང་རྣམ་པར་དག་པའི་སྣང་བ་སྟོནཿ ཤེས་རབ་རང་བྱུང་གི་སྒྲོན་མས་མཁྱེན་རབ་དང་ཐུགས་རྗེ་རྣམ་པར་དག་པའི་སྣང་བ་སྟོནཿ རྡོ་རྗེ་ལུ་གུ་རྒྱུད་ལས་ཞི་ཁྲོ་སྣ་ཚོགས་ཀྱི་སྐུ་རྣམ་པར་དག་པའི་སྣང་བ་སྟོནཿ དེ་ལས་སྤྲུལ་པའི་སྐུ་སྣ་ཚོགས་སྣང་བས་འགྲོ་བའི་དོན་བྱས་ཏེཿ མཐར་ཡང་གདོད་མའི་ངང་དུ་ནང་གསལ་གཞི་ཐོག་ཉིད་དུ་ལྷུན་གྱིས་གྲུབ་པའོཿ དེ་ལྟར་གཞི་ལམ་འབྲས་བུ་བླ་ན་མེདཿ སྒྲོན་མ་བཞིར་བསྡུས་སྐལ་ལྡན་སྨིན་མཛད་ཅིངཿ པདྨ་ལས་འབྲེལ་རྩལ་གྱིས་ལེགས་པར་བཀོདཿ མཁའ་འགྲོ་སྙིང་ཏིག་མན་ངག་སྙིང་པོའི་དོནཿ ཡང་ནས་ཡང་བསྡུས་གཅིག་ཏུ་དྲིལ་བ་ནིཿ འདི་ཉིད་ཡིན་ཏེ་གཞན་དུ་བསྟན་པ་མེདཿ གནད་རྣམས་ཉག་གཅིག་སྙིང་ཕྱུང་འདིར་བཀོད་པསཿ ཕྱི་རབས་སྐལ་ལྡན་ཉམས་བླང་ཚད་དུ་ཕྱིནཿ ལྷུན་གྲུབ་ས་ལ་ཞིང་སྣང་རྒྱ་ཆེ་བསཿ འགྲོ་བའི་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོགཿ བདག་གིས་སྙིང་ཕྱུང་ཡང་གསང་སྙིང་པོའི་རྒྱུདཿ འདིར་ནི་མངོན་སུམ་ཉིད་དུ་གཏན་ལ་ཕབཿ ཕྱི་རབས་སྐལ་ལྡན་རྣམས་དང་འདི་འཕྲད་ཤོགཿ འཇིག་རྟེན་ཁམས་ན་དཀོན་པའི་རིན་པོ་ཆེཿ སྒྲོན་མ་བཞི་སྐོར་སྙིང་ཏིག་ཡང་གསང་འདིཿ གངས་རི་ཐོད་དཀར་ཨོ་རྒྱན་རྫོང་གནས་སུཿ དྲི་མེད་འོད་ཟེར་བདག་གིས་སྣང་བར་བྱསཿ སྒྲོན་མ་བཞི་སྐོར་ཞེས་བྱ་བཿ དཔལ་ལྡན་ཡུལ་དབུས་གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པ་རྫོགས་སོཿ དགེའོཿ རྒྱ་རྒྱ་རྒྱཿ