ཡོན་ཏན།
ཡོན་ཏན་ནི། དུས་སྦྱོར་གཉིས་པ་ནས་བཅུ་གཅིག་པའི་བར་གྱི་སྟོང་བརྒྱད་བརྒྱ་པ་རེ་རེས་དང་པོ་ནས་བཅུ་པའི་བར་འགག་ཅིང་། འཁོར་ལོ་སོ་སོའི་རྩ་མདུད་ཕྲ་མོ་རྣམས་ཀྱང་གྲོལ་བར་ཡེ་ཤེས་ཀྱི་རླུང་རིམ་པར་ཚུད་ནས་བྱང་ཆུབ་ཀྱི་སེམས་བརྟན་པས་མཐོང་ལམ་དུ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང་། དེ་ཉིད་སྒོམ་ལམ་ས་དགུར་གོང་འཕེལ་དུ། ས་གཉིས་པར་སྟོང་ཕྲག་བཅུ་གཉིས། གསུམ་པར་འབུམ་ཕྲག་བཅུ་གཉིས། བཞི་པར་ཁྲག་ཁྲིག་ཕྲག་བརྒྱ། ལྔ་པར་ཁྲག་ཁྲིག་ཕྲག་སྟོང་། དྲུག་པར་ཁྲག་ཁྲིག་ཕྲག་འབུམ། བདུན་པར་བྱེ་བ་ཁྲག་ཁྲིག་ཕྲག་འབུམ། བརྒྱད་པར་སྟོང་གསུམ་འཇིག་རྟེན་འབུམ་གྱི་རྡུལ་ཕྲན་གྱི་གྲངས་སྙེད་
དང་། དགུ་པར་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་དུ་འབུམ་ཕྲག་བཅུའི་རྡུལ་ཕྲན་གྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་ལྟ་བ་ལ་སོགས་པ་དང་། བཅུ་པར་ཞིང་ཁམས་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་གྲངས་མཉམ་པའི་སངས་རྒྱས་ཀྱི་ཞལ་ལྟ་བ་དང་། ཆོས་མཉན་པ། ཞིང་གཡོ་བར་བྱེད་པ་སོགས་དུས་སྐད་ཅིག་རེར་ནུས་པའོ། །དེ་ཡང་ས་བདུན་པ་མན་ཆད་ལ་རྗེས་ཐོབ་ཏུ་སེམས་སུ་འཛིན་པ་ཅུང་ཟད་དང་། ས་བརྒྱད་པར་དེ་ཉིད་དབྱིངས་སུ་དག་ཀྱང་སྣང་མེད་ཀྱི་དབུ་མ་ལ་ཞེན་པའི་ཆ་ཅུང་ཟད་ཡོད་ཅིང་། དགུ་པ་དང་བཅུ་པར་དེ་ཡང་དག་པར་འགྱུར་ཏེ། ལང་གཤེགས་ལས། ས་བདུན་པ་ནི་སེམས་ཡིན་ཏེ། །སྣང་བ་མེད་པ་བརྒྱད་པའོ། །ས་མཆོག་དང་ནི་སངས་རྒྱས་པ། །དེ་དག་ང་ཡི་རང་བཞིན་ནོ། །ཞེས་སོ། །དེའང་ཞིང་གཞན་དུ་འགྲོ་བ་དང་། ཏིང་ངེ་འཛིན་ལ་མཉམ་པར་འཇོག་དུས་མཚུངས་པར་མི་འགལ་ཏེ། དག་པའི་ས་གསུམ་པོར་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་དབང་ཐོབ་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། བྱ་བ་གྲུབ་ལ་རྟག་ཏུ་བློ། །མེ་བཞིན་དུ་ནི་འབར་བ་དང་། །ཞི་བའི་བསམ་གཏན་སྙོམས་འཇུག་པ། །རྟག་ཏུ་སྙོམས་པར་འཇུག་པའང་ཡིན། །ཞེས་སོ། །གཞན་ཡང་ས་བརྒྱད་པར་ཡིད་ཤེས་གནས་འགྱུར་པས་རྣམ་པར་མི་རྟོག་པ་ལ་དབང་ཐོབ། དགུ་པར་འཛིན་བཅས་སྒོ་ལྔའི་རྣམ་པར་ཤེས་པ་གནས་འགྱུར་ཞིང་དག་པ་ལ་དབང་ཐོབ། བཅུ་པར་ཀུན་གཞིའི་རྣམ་ཤེས་གནས་གྱུར་ཕྲིན་ལས་ཕུན་
སུམ་ཚོགས་པ་ལ་དབང་ཐོབ་སྟེ། མདོ་སྡེ་རྒྱན་ལས། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ཡིན་ནོ། །དབང་དེ་མི་གཡོ་ལ་སོགས་པའི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །གཅིག་ལ་རྣམ་གཉིས་དེ་ལས་གཞན། །དབང་ནི་རེ་རེར་འདོད་པ་ཡིན། །ཞེས་སོ། །དེའང་ས་བཅུ་པ་ལ་ཡེ་ཤེས་དང་ཕྲིན་ལས་གཉིས་ཀའི་དབང་ཐོབ་ལ། བརྒྱད་པར་མི་རྟོག་པ། དགུ་པར་ཞིང་དག་པ་རེ་རེ་ཡིན་ནོ། །རང་བཞིན་དུ་བརྒྱད་པར་ཡང་ཞིང་དག་པའི་སྣང་བར་མཐོང་བས། ཞིང་ལ་དབང་བར་མདོ་ལས་ཀྱང་བཤད་རུང་། དགུ་པ་ལྟར་སྒོ་ལྔའི་རྣམ་ཤེས་གནས་མ་གྱུར་པས་མ་དག་པའང་མཐོང་བའི་ཕྱིར་དེ་གཉིས་མི་འདྲ་བ་ཡིན་ནོ། །གཞན་ཡང་ས་བརྒྱད་པ་ནས་དབང་བཅུ་ཕུལ་བྱུང་གི་མགོ་རྩོམ་པ་ཡིན་ཏེ། རྟོག་གེ་འབར་བའི་འགྲེལ་པར་དྲངས་པ། གང་ཚེ་མར་མེ་མཛད་ཀྱིས་ངད། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཅིང་། །དབང་བཅུ་དག་ཀྱང་ཐོབ་པར་འགྱུར། །ཞེས་སོ། །དབང་བཅུའི་དང་པོ་ཚེ་ལ་དབང་བ་ནི། བསྐལ་པ་ཇི་ཙམ་འདོད་པར་གནས་པའོ། །སེམས་ལ་དབང་བ་ནི། ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་སྐད་ཅིག་རེ་རེ་མཉམ་པར་འཇོག་ཅིང་ལྡང་ནུས་པའོ། །ཡོ་བྱད་ལ་དབང་བ་ནི། བསམ་པ་ཙམ་གྱིས་འཇིག་རྟེན་དུ་ཟས་ནོར་སྣ་ཚོགས་པས་གང་བར་ནུས་པའོ། །ལས་ལ་དབང་བ་ནི། བཟོ་དང་ལས་ཀྱི་གནས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་སྤྱོད་པའོ། །སྐྱེ་བ་ལ་དབང་བ་ནི། ལྷ་དང་མི་ལ་སོགས་པ་གང་འདོད་དུ་སྐྱེའོ། །མོས་པ་ལ་
དབང་བ་ནི། ས་གཞི་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་སུ་བསྒྱུར་བ་ལ་སོགས་པ་དངོས་པོ་ཐམས་ཅད་ཇི་ལྟར་འདོད་པར་བསྒྱུར་བ་སེམས་ཅན་གྱིས་མཐོང་ནས་སྤྱད་དུ་རུང་བའོ། །སྨོན་ལམ་ལ་དབང་བ་ནི། འཇིག་རྟེན་ཐམས་ཅད་སངས་རྒྱས་ཀྱིས་གང་བ་ལ་སོགས་པ་ཇི་ལྟར་སྨོན་པ་ལྟར་འགྲུབ་པའོ། །རྫུ་འཕྲུལ་ལ་དབང་བ་ནི། ཞིང་ཁམས་དཔག་ཏུ་མེད་པ་སྐྲ་རྩེ་གཅིག་གི་ནམ་མཁའ་ལ་འཛིན་པ་སོགས་ཇི་ལྟར་འདོད་པ་ལྟར་སྤྲུལ་ནུས་པའོ། །ཡེ་ཤེས་ལ་དབང་བ་ནི། ཤེས་བྱ་གང་ཤེས་པར་འདོད་པ་དེ་ཤེས་པའོ། །ཆོས་ལ་དབང་བ་ནི། ཆོས་ཐམས་ཅད་ཀྱི་མིང་རྣམ་པར་གཞག་པ་ལ་མཁས་པའོ། །སྤྱིར་དབང་བཅུ་ཐོབ་པ་ཙམ་ནི། མ་དག་ས་བདུན་ནས་ཡོད་ལ། དབང་བཅུ་ཕུལ་བྱུང་ནི་དག་པ་ས་གསུམ་ན་ཡོད་ལ། དབང་བཅུ་ཤིན་ཏུ་རྣམ་དག་ནི་སངས་རྒྱས་ཀྱི་ས་ན་ཡོད་པའོ། །དེ་ལྟར་བཤད་པའི་ས་བཅུའི་རྣམ་གཞག་དེ་དག་མཁས་པ་ཕལ་ཆེར་འཕགས་པའི་ས་མཚན་ཉིད་པར་བཞེད་པ་དང་། ཡང་མཁས་པ་མཆོག་འགའ་ཞིག །དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ལ། དེའི་སྔ་ལོགས་སུ་དུས་སྦྱོར་བཅུ་གཉིས་འགགས་ཟིན་པ་ཞིག་དགོས་པས་འཕགས་ལམ་གྱི་ས་བཅུ་མ་ཡིན་མོད། འོ་ན་གང་ཞེ་ན། མི་འགྱུར་བའི་ཡེ་ཤེས་ཀྱི་སྐད་ཅིག་མ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་ཐམས་ཅད་རིམ་ལྔའི་རིམ་པ་བཞི་པའི་འོད་གསལ་དང་། སྦྱོར་དྲུག་གི་ཏིང་འཛིན་གྱི་ས་ཞེས་བཤད་པ་དེ་ཉིད་ཡིན་ལ། དེ་ལས་འཕགས་ལམ་མངོན་དུ་བརྙེས་པ་ནི་ཟུང་འཇུག་གམ་ཡེ་ཤེས་ཀྱི་སྐུ་སྟེ།
དེ་ལ་སངས་རྒྱས་ཞེས་བཏགས་པའོ། །ཞེས་བཤད། སྔགས་ལུགས་ཐུན་མོང་མ་ཡིན་པ་ལྟར་ན། མདོའི་མཐོང་ལམ་རབ་དགའ་ལ་གནས་པའི་བྱང་སེམས་འཕགས་པ་རྣམ་སྨིན་རིག་འཛིན་དང་དགོངས་པ་མཉམ་ཞིང་། ཚེ་དབང་། རྒྱ་ཆེན། ལྷུན་གྲུབ་རིག་འཛིན་གསུམ་ནི་རྒྱུའི་ཐེག་པའི་ས་དང་པོ་མཐོང་སྒོམ་མཐར་གསུམ་གྱི་ལམ་དུ་སྐལ་བ་མཉམ་པར་གྱུར་ཀྱང་དགོངས་སྤྱོད་ཀྱིས་ཁྱད་པར་དུ་གྱུར་པ་ཡིན་ཏེ། རྒྱུའི་ཐེག་པའི་སྒོམ་ལམ་ས་བརྒྱད་པ་དང་ཚེ་དབང་རིག་འཛིན། བཅུ་པ་ཆོས་སྤྲིན་དང་ཕྱག་ཆེན་རིག་འཛིན། མི་སློབ་པའི་ས་ཀུན་ཏུ་འོད་དང་ལྷུན་གྲུབ་རིག་འཛིན་དགོངས་པ་མཉམ་པར་བཞེད་པའི་ཕྱིར་ཏེ། ལམ་ཆུང་ལས། དེ་ཡང་དང་པོ་དང་པོ་དང་། །ཞེས་སོགས་གསུངས་པ་བཞིན་ནོ། །དེ་ལྟར་ན་ཕར་ཕྱིན་ཐེག་པའི་ལམ་གྱིས་སྦྱོང་བར་མི་ནུས་པའི་སྒྲིབ་པ་སྔགས་ལམ་ཁོ་ནས་སྦྱོང་དགོས་པ་ཞིག་ཡོད་པར་འགྱུར་རམ་ཞེ་ན། ཡོད་དེ་ཀུན་འབྱུང་ཕྲ་བའི་མཐར་ཐུག་འཕོ་བའི་བག་ཆགས་སྣང་གསུམ་གྱི་སྒྲིབ་པ་ནི། ལམ་བདེན་མཐར་ཐུག་སྔགས་ལམ་ཁོ་ནས་སྦྱོང་དགོས་པ་ཡིན་གྱི། ཕར་ཕྱིན་ཐེག་པར་ནི་སྒྲིབ་པ་དེའི་ཐ་སྙད་ཀྱང་མ་གྲགས་ཤིང་། གཉེན་པོ་ཡང་མ་བཤད་པའི་ཕྱིར་རོ། །ལ་ལ་དག་སྔགས་ལམ་བདེ་མྱུར་གྱི་ཐབས་ཀྱིས་ཁྱད་པར་དུ་བྱས་པ་ལས་དམིགས་ཡུལ་གྱི་འབྲས་བུ་ལ་ཁྱད་པར་མེད་ཅེས་གསུངས་མོད། དེ་ལྟར་ན་སྔགས་ཀྱི་ཐབས་ཁྱད་པར་ཅན་དབང་སོགས་ཀྱི་རྒྱུ་ལ་མ་ལྟོས་པའི་སྔགས་ལམ་མཐར་ཐུག་གི་འབྲས་བུ་སྲིད་པར་འགྱུར་ལ། དེ་འགྱུར་ན་ནི་རྒྱུ་འབྲས་འཆོལ་བར་
འགྱུར་བས་ཉན་རང་གི་ལམ་གྱིས་ཀྱང་ཕར་ཕྱིན་ཐེག་པའི་མཐར་ཐུག་གི་འབྲས་བུ་ཅི་ཕྱིར་མི་འགྲུབ། དེས་ན་འདོད་པས་བསྒྲུབས་པའི་རང་རང་གི་འབྲས་བུ་རེ་ཐེག་པ་འོག་མ་རྣམས་ཀྱིས་ཀྱང་མི་བསླུ་བར་འགྲུབ་ནའང་མཐར་ཐུག་བླ་ན་མེད་པའི་འབྲས་བུ་ནི་སྔགས་ལམ་ཁོ་ནས་བགྲོད་དགོས་པ་ཡིན་ནོ། །འོ་ན་ཐེག་པ་འོག་མ་ནས་སྔགས་ལམ་དུ་ངེས་པར་འཇུག་པའི་དུས་གང་ཞེ་ན། འགའ་ཞིག །ཕར་ཕྱིན་ཐེག་པའི་ལམ་གྱི་ཚོགས་ལམ་ཆེན་པོའི་བར་བསྒྲུབས་ཏེ། དེ་ནས་ངེས་པར་སྔགས་ལམ་དུ་འཇུག་པར་བཞེད་པ་སོགས་བཞེད་པ་ཐ་དད་པ་མང་ནའང་། ལུགས་ལ་མཐའ་གཅིག་ཏུ་མ་ངེས་ཏེ། འོག་མའི་འབྲས་བུ་མཐར་ཕྱིན་ནས་འཇུག་པའང་ཡོད་པའི་ཕྱིར་རོ། །དེ་ཡང་རྫོགས་པ་ཆེན་པོའི་སའི་རིམ་པ་མར་མེ་སྨོན་ལམ་རྣམས་ནས་མི་འདྲ་བ་གསུངས་མོད། ན་རག་དོང་སྤྲུགས་ཀྱི་བསྐང་ཆོག་ཏུ། ས་བཅུའི་ཁྱད་པར་རིམ་གྱིས་བགྲོད་པའི་ཚེ། །ཞེས་སོགས་ཚིག་རྐང་དགུའི་གཉིས་པས་སྦྱོར་ལམ་ས་དགུ་དང་ཐ་མས་འཕགས་ལམ་ས་བཅུ་པ་སྟེ། འདིར་བར་དོའི་འཕྲང་ལ་མི་ཆང་བཟི་ལྟ་བུ་སྔོན་རྒྱབ་ནས་སྐྱོར་བརྟེན་འགྲོ་རྒྱུ་ཡོད་པ་ཞེས་བླུན་པོ་དག་སྨོད་རུང་། དེ་ལྟར་ན་བདེ་མཆོག་ཉུང་ངུའི་རྒྱུད་ལས། རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། །ཁྲག་འཐུང་དཔལ་སོགས་རྣལ་འབྱོར་མ། །ལག་ན་མེ་ཏོག་སྣ་ཚོགས་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །སྣ་ཚོགས་གླུ་ཡི་མཆོད་པ་ཡིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །
ཅེས་དཔལ་མགོན་ཀླུའི་རྡོ་རྗེའི་སྨོན་ལམ་དུ་དྲངས་འདུག་པ་མ་གོ་བས་ལེན་ནོ། །བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་རྣམས་ལ་དབྱེ་བ་ཅུང་ཟད་རེ་མཛད་པའི་ཀུན་ཏུ་འོད་ནི། ཉི་མའི་དཀྱིལ་འཁོར་དུས་ཀུན་ཏུ་འོད་འབྱུང་བ་ལས་ནག་ནོག་མེད་པ་དང་འདྲ་སྟེ། དེར་བར་ཆད་མེད་ཅིང་དེ་ནས་བཟུང་འཕགས་པ་དེ་བཞིན་གཤེགས་པ་ཁོ་ན་ཡིན་པས་ཡེ་ཤེས་ཁོ་ན་ལས་རྣམ་ཤེས་མེད་པའི་དོན་ནོ། །རྡོ་རྗེ་འཛིན་པ་ནི། དཀྱིལ་འཁོར་གྱི་བདག་པོ་རྡོ་རྗེ་འཛིན་པ། བདེ་དགྱེས་གསང་འཇིགས་རྣམས་ཡིན་ཏེ། སྐུ་ཞིང་ཁམས་འཁོར་རྣམས་དབྱེ་བ་མེད་ཀྱང་འཕགས་ཆེན་དེ་དཀྱིལ་འཁོར་གྱི་གཙོ་བོའི་རྣམ་པ་དང་། འཁོར་བྱང་ཆུབ་སེམས་དཔའ་རྣམས་དང་། སྤྱན་སའི་སྙིང་པོ། ཡུལ་གཟུགས་རྡོ་རྗེ་མ་དང་ཐ་དད་མེད་པར་ལོངས་སྤྱོད་པ་སོགས་དཀྱིལ་འཁོར་གྱི་འཁོར་ལོ་གྱུར་པ་དང་། པདྨ་ཅན་གྱི་ས་ནི། རིག་མའི་འདོད་ཆགས་རྣམ་པ་ལྔ་ལ་དུས་རྟག་ཏུ་རོལ་ཀྱང་། པདྨ་ནི་ཆུའི་ནང་ན་གནས་ཀྱང་ཆུའི་གོས་པ་མེད་པ་བཞིན་དུ་བུད་མེད་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་རྟག་ཆད་མུ་བཞིའི་སྒོ་རང་སར་གྲོལ་བས་མཐར་བྱེད་ཀྱི་ཁྲོ་བོ་ཆེན་པོ་རྣམས་དང་ལྡན་པའོ། །འཁོར་ལོ་ཚོགས་ཆེན་ནི། དུས་གསུམ་ཐམས་ཅད་དུས་མེད་པ་ཀ་དག་གི་དུས་ཏེ་དུས་ཀྱི་འཁོར་ལོ། དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ནི་དབྱིངས་གཅིག་པས་ཡི་དམ་དང་རིགས་ཀྱི་དབང་ཕྱུག་མ་རྣམས་ཀྱང་དེའོ། །དངོས་གྲུབ་བསྟན་གཟིགས་སུ་མ་མོ་སྲིད་པའི་རྒྱལ་མོས་རྣམ་པར་སྣང་མཛད་བརྫུས་པ་
སོགས་འདིའི་དོན་ཏོ། །བཀོད་པ་རབ་རྫོགས་ནི། རྣམ་དག་སྟུག་པོ་བཀོད་པ་ཆོས་སྐུའི་ཞིང་ཁམས་ཏེ། རྒྱན་སྟུག་པོའི་མདོ་ལས་རྒྱ་ཆེན་གསུངས་པ་ལྟར་ཞིང་ཁམས་དེ་སྐྱོང་བའི་བཀོད་པ་ནི། ཞི་ཆགས་ཁྲོ་སེམས་རིག་འཛིན་སོགས་སྐུ་གསུམ་གྱི་ཞིང་ཁམས་རབ་འབྱམས་བརྗོད་ལས་འདས་པ་ལ་དབང་ཐོབ་པའམ་སྤྲུལ་པའི་བདག་ཉིད་ཅན་ཏེ། ཤེས་བྱའི་སྒྲིབ་པ་ཕྲ་བའང་སྦྱངས་ནས་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་རྣམས་ཀྱིས་བསྒོམ་འཛིན་གྱི་གཏད་སོ་ཕྲ་བའང་སྦྱངས་ཏེ་སྤྲུལ་པའི་ཞིང་ཡིན་ནོ། །དེ་བ་ཀོ་ཤ་ནི། དཀྱིལ་འཁོར་ཆེན་པོ་གཅིག་གི་འཁོར་ལོས་སྒྱུར་བ་ཙམ་མ་ཡིན་པར། སངས་རྒྱས་མཉམ་སྦྱོར། བཀའ་བརྒྱད། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སོགས་ལྟ་བུ་དཀྱིལ་འཁོར་དུ་མའི་འཁོར་ལོས་སྒྱུར་བ་ཧེ་རུ་ཀ་ཐམས་ཅད་ཀྱི་མཆོག་ཁྲོ་བོ་ཀུན་གྱི་དབང་ཕྱུག་ཆེན་པོའི་གོ་འཕང་མངོན་དུ་མཛད་པས་ལྷའི་མཛོད་ལྟ་བུའོ། །ཐར་པ་ཆེན་པོའི་གྲོང་ཞེས་པ། ཞིང་ཁམས་གཞན་ཐར་པའི་གྲོང་ཁྱེར་ཡིན་མོད། ཐར་པ་ཆེན་པོའི་གྲོང་ནི་འོག་མིན་རྣམ་དག་སྟུག་པོ་བཀོད་པའི་ཞིང་དངོས་ཡིན་ཞིང་། ཐོག་མའི་སངས་རྒྱས་ཀུན་བཟང་འོད་དཔག་ཏུ་མེད་པ་དང་། ཡུམ་ཀུན་ཏུ་བཟང་མོ་གཉིས་མེད་བདེ་བ་ཆེན་པོར་བཞུགས་སོ། །བདེ་བ་ཅན་སོགས་ལ་སྐུ་གསུམ་གྱི་ཞིང་སོ་སོར་ཡོད་དེ། ལང་གཤེགས་འགྲེལ་པ་སློབ་དཔོན་ཡེ་ཤེས་རྡོ་
རྗེས་མཛད་པར་བཤད་དོ། །རྡོ་རྗེ་འཛིན་པའི་མིང་འཛིན་པ་ནི། ས་བཅུའི་རྒྱུན་མཐར་བྱང་ཆུབ་སེམས་དཔའ་རྣམས་འཚང་རྒྱ་ཀ་མའི་ཚེ། ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱིས་ཐུན་མོང་རིག་པའི་དབང་ལྔ་བསྐུར་ཏེ། མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་ཡང་དག་པར་རྫོགས་འཚང་རྒྱ་བར་ཡིན་ཏེ། སེམས་དཔའ་ཆེན་པོ་རྣམས་ལས་ཆེས་གསལ་བའི་ཏིང་ངེ་འཛིན་ཐོབ་ནས་སངས་རྒྱས་གཞན་རྣམས་དང་འདུ་འབྲལ་མེད་པའོ། །སངས་རྒྱས་ཀྱི་ཆོས་དབྱིངས་སམ་བདེ་བ་ཆེན་པོའམ་ལྕང་ལོ་ཅན་ནི། སྔ་མའི་སངས་རྒྱས་རྣམས་དང་གང་ཟག་དེའི་སྐུ་གསུམ་ཐམས་ཅད་མཁའ་ལ་མཁའ་བཞག་པ་ལྟ་བུར་གྱུར་པ་ལ་བསྒྲུབས་པའི་འབྲས་བུ་ཐ་སྙད་བྱས་པ་སྟེ། ཆོས་ལོངས་གཅིག་པའང་རྒྱུ་མཚན་དེས་སོ། །རྫོགས་པ་བླ་མེད་མ་སྤངས་ཡེ་ཤེས་ནི། འཁོར་བའི་ཆོས་ཐམས་ཅད་མ་སྤངས། གཉེན་པོ་གཞན་ནས་མ་བླངས་པར་རང་གནས་སུ་འཁོར་འདས་དབྱེར་མེད་ཁྱབ་བདལ་གྱི་ཏིང་ངེ་འཛིན་ལ་མངའ་བརྙེས་པས་སངས་རྒྱས་ཀྱི་ཆོས་ཉིད་ཀྱི་ཡོན་ཏན་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ལ་འུབ་ཆུབ་པའམ་འདུས་པའོ། །སྲིད་གསུམ་ངང༷ས་(དྭངས་)རྫོགས་སམ་ཀུན་བཟང་དབྱེར་མེད་ཀྱི་ས་ནི། སྲིད་པ་གསུམ་ཐམས་ཅད་དངས་མ་ཐིག་ལེ་གཅིག་གི་དཀྱིལ་འཁོར་དུ་དག་ནས། ཐིག་ལེ་གཅིག་ཏུ་སྲིད་པ་གསུམ་སོགས་གཟུགས་བརྙན་རྣམས་དཀྱིལ་འཁོར་གྱི་འཁོར་ལོ་ཤར་བ་སྟེ། དུས་འཁོར་དང་། མཁའ་འགྲོ་རྒྱ་མཚོ་དང་། ཚོགས་
ཆེན་འདུས་པའི་དཀྱིལ་འཁོར། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ཉི་མ་དང་འོད་ཟེར་ལྟར་སྒྱུ་མའི་འཕྲུལ་རོལ་པ་ཆེན་པོས་སྲིད་པའི་གནས་ཐམས་ཅད་སྟོང་སྟེ་འཁོར་བ་ལས་རང་གྲོལ་ཏེ་མཐའ་སྡུད་པའོ། །ལྷུན་གྲུབ་ཡེ་ཤེས་སམ་བྱ་རྩོལ་གཉིས་མེད་ནི། དོན་དམ་པའི་བྱ་བ་དང་བྱེད་པ་ནི་ཀུན་བཟང་ཡབ་ཡུམ་ཡིན་ཞིང་། དེ་ནི་གདོད་མ་ནས་ལྷུན་གྲུབ་ཀྱི་ཡེ་ཤེས་ཡིན་པས་ནམ་དུའང་སྐྱེ་བ་དང་འགག་པ་མེད་ཅིང་། ས་བཅུ་པ་རྣམས་ལ་ལོངས་སྐུ་དང་འཕགས་པ་ཙམ་ལ་དང་། སོ་སྐྱེ་རྣམས་ལ་ཐབས་མཁས་པས་གང་འདུལ་གྱི་སྤྲུལ་སྐུ་དང་། འཕགས་ཆེན་རྣམས་ལ་ཆོས་ཀྱི་སྐུའི་སྒྱུ་འཕྲུལ་བཤད་མ་ཐག་པའོ། །འདི་རྣམས་ཐེག་པ་ཐུན་མོང་བའི་ས་བཅུ་ལྟར་གཅིག་ལ་གཅིག་མཐུད་པའི་གོ་རིམ་རང་མིན་ཞིང་། སངས་རྒྱས་ཀྱི་སའི་གནས་སྐབས་ཀྱི་དབྱེ་བ་ཅུང་ཟད་ཀྱི་རིམ་པའོ། །འདིར་སྔགས་རྙིང་མའི་བཀའ་གཏེར་གྱི་རིམ་པ་རྣམས་ལས་མིང་དང་གོ་རིམ་ཅུང་མི་མཐུན་པ་འབྱུང་ཡང། བཅུ་གཉིས་པ་མ་ཆགས་པདྨ་ཅན་དང་རྡོ་རྗེ་དབྱིངས་གཅིག །བཅུ་གསུམ་འཁོར་ལོ་ཚོགས་ཆེན་ནས་བཅུ་བཞི་རྡོར་དབྱིངས་བྱ་བ་ཡིག་ནོར་ཡིན། །བཅོ་ལྔ་པ་རྣམ་དག་སྟུག་པོ་བཀོད་དང་། བཀོད་པ་རབ་རྫོགས་གཉིས་གཅིག་ཡིན། ལྷའི་མཛོད་དང་ཆགས་མེད་སྟུག་པོ་གཅིག །མཚན་རྫོགས་རྡོ་རྗེ་འཆང་དང་། རྡོ་རྗེ་འཛིན་པའི་མིང་འཛིན་གཅིག །རྫོགས་པ་བླ་མེད་དང་ཡེ་ཤེས་བླ་མེད་གཅིག །སྲིད་གསུམ་དྭངས་རྫོགས་དང་ཡེ་ཤེས་ལྷུན་གྲུབ་གཅིག་ཅེས་སྦས་
པའི་རྣལ་འབྱོར་མཁས་གྲུབ་ཆེན་པོ་ཟུར་མང་ཀུན་ཁྱབ་པས་བཞེད་དེ་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་སི་ཏུ་དྷརྨཱ་ཀ་ར་ལས་ཐོས་གསུངས། སྤྱིར་ཡང་འཕགས་ས་ཐོབ་ནས་རྣམ་ཤེས་ཀྱི་རྒྱལ་ཁམས་ལས་བརྒལ་ནས་དུས་དང་ཕྱོགས་སྒྲ་རྟོག་གི་ཡུལ་མིན་ལ་ཡེ་ཤེས་ཀྱི་ཕྱོགས་ཡིན། ས་བཅུ་པ་ནས་སངས་རྒྱས་ཀྱི་ས་ནི་འཕགས་པའི་ཡེ་ཤེས་ཀྱི་ཡུལ་ཡང་མ་ཡིན་ལ་སངས་རྒྱས་རང་གི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་བདག་ཉིད་སྒྱུ་འཕྲུལ་དྲ་བའི་རོལ་པ་མི་ཟད་རྒྱན་གྱི་འཁོར་ལོའི་རང་བཞིན་སངས་རྒྱས་ཆགས་ཅན་དང་། ཆགས་བྲལ། དེ་བཞིན་གཤེགས་པ། ཁྲོ་བོ་ཁྲོ་མོ། སེམས་དཔའ་སེམས་མ་སོགས་ཐམས་ཅད་ས་རྣམ་པ་ཀུན་ཏུ། ཞིང་གདན། གཞལ་ཡས་ཁང་། ཤར་ཕྱི་ནང་། སྟེང་འོག །ཟླུམ་པོ། གྲུ་བཞི། གྲུ་གསུམ། ཟླ་གམ། ཞལ། ཕྱག །ཞབས། སྤྱན་མདུན་དབང་པོ་རེ་རེས་ཀྱང་དབང་པོ་ཐམས་ཅད་ཀྱི་བྱ་བ་བྱེད་པ་སྟེ། སངས་རྒྱས་ཀྱི་ཡུལ་དེ་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལས་གཞན་གྱིས་མ་ཡིན་ནོ། །དེ་ལྟ་བུའི་གནད་ཤེས་ན་རྣལ་འབྱོར་པ་རྣམས་བསྐྱེད་རིམ་ཙམ་ཡང་དོན་ཆེན་པོ་འགྱུར་རོ་ཞེས་རྗེ་བླ་མ་ཀཿ ཐོག་པ་བཞེད། གསུམ་པ་སྐུ་གསུམ་གྱི་རྣམ་པར་བཞག་པ་ལ་ཆོས་ལོངས་སྤྲུལ་གསུམ་ལས། དང་པོ་ཆོས་སྐུ་ལ། ཆོས་ཉིད་འཕོ་འགྱུར་མེད་པའི་རྟག་བརྟན་ཡོངས་གྲུབ་འདུས་མ་བྱས་པའི་རང་བཞིན་རྡོ་རྗེ་ལྟ་བུ་ཡིན་པས་སམ། ངོ་བོ་རང་བཞིན་གྱིས་
རྣམ་པར་དག་པ་དང་། དྲི་མ་གློ་བུར་པ་རྣམ་པར་དག་པས་དག་པ་གཉིས་ལྡན་གྱི་ཆོས་སྐུ་མི་འགྱུར་རྡོ་རྗེའི་སྐུ་དང་། ངོ་བོ་དེ་ལ་སྣང་ཆ་མ་འདྲེས་པའི་སྟོབས་སོགས་བྲལ་སྨིན་གྱི་ཡོན་ཏན་དྲུག་ཅུ་རྩ་བཞི་ལ་དབང་འབྱོར་ཞིང་། དེའི་ཚེ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་མངོན་པར་རྟོགས་པའི་ཡོན་ཏན་ཐམས་ཅད་ཀྱི་འཆར་གཞིར་གནས་པ་མངོན་པར་བྱང་ཆུབ་པའི་སྐུ་དང་། རྟག་པའི་མཐར་མ་ལྷུངས་ཏེ་དམིགས་བསམ་ལས་འདས་པའི་ཕྱིར་དང་། ཆད་པའི་མཐར་མ་ལྷུངས་ཏེ་སོ་སོ་རང་རིག་པའི་ཡེ་ཤེས་ཡིན་པའི་ཕྱིར། གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མུ་ལ་མ་ཐུག་སྟེ་རྟག་ཆད་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་ན་དབྱིངས་ཀྱི་རང་བཞིན་བརྟག་པའི་ཡུལ་ལས་འདས་པ་ནམ་མཁའ་ལྟ་བུའི་ཀློང་དུ་ཕྲ་བའི་ཡེ་ཤེས་དེ་དང་རོ་གཅིག་ཏུ་འདྲེས་པ་གནམ་གང་གི་ཟླ་བ་ནམ་མཁའ་དང་འདྲེས་པ་བལྟར་མི་མངོན་པར་བཞུགས་ཀྱང་། མཁྱེན་ཆ་འགགས་པ་མེད་པའི་ཡེ་ཤེས་ནང་གསལ་མཉམ་བཞག་གི་ཆ་ལས་ཕྱིར་གསལ་གྱི་ཡེ་ཤེས་མཆེད་པའི་སྙིང་པོར་གྱུར་པས་གདུལ་བྱ་རྣམས་མཐོང་ཐོས་སྣོམ་མྱོང་སོགས་ཀྱི་རྒྱུ་བྱེད་པ་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ཆོས་ཀྱི་སྐུ་སྟེ། དེ་ལྟར་ནའང་ཡུལ་དང་ཡུལ་ཅན་གྱི་འཛིན་པ་ནི་མེད་ཅིང་བདག་དང་གཞན་མི་དམིགས་པས་སོ། །