བོད་ཡུལ་ནས་ལྷོ་ནུབ་སྲིན་པོ་འདུལ་དུ་བཞུད་པའི་ལེའུ།


PKT001_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ


PKT001_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༣བ༽ལྷ་ས་ར་མོ་ཆེ་དང་འཕྲུལ་སྣང་བྱོནཿ སྤྲུལ་པའི་དགེ་སློང་ཨ་ཀར་མ་ཏི་ལཿ རྒྱལ་པོ་ཨད་མ་ཏོག་གིས་ཕུལ་བ་ཡིསཿ ཡིད་བཞིན་ནོར་བུ་དགོས་འདོད་འབྱུང་བ་བ་ནིཿ ཁ་དོག་ལྕུང་ཀའི་སྒོ་ང་འདྲ་བ་ལཿ བཟོ་གནས་སྲིན་བྱའི་མགོ་འམ་མཇིང་པ་འདྲཿ ཆེ་ཆུང་ཚད་ནི་ལ་ཞིའི་ས་བོན་ཙམཿ སྤྱན་རས་གཟིགས་ཀྱི་ཐུགས་ཀའི་རྟ་མགོ་ཡིཿ སྣ་བུག་གཡས་པའི་ནང་ནས་བཏོན་ནས་ནིཿ རྒྱལ་སྲས་ལྷ་རྗེར་ཕྱག་ཏུ་སྣོམས་ཤིག་གསུངསཿ དཀའ་བ་དང་དུ་བླངས་ན་དགོས་དགུ་འབྱུང་ཿ མདོ་མེད་ཆལ་པ་བྱེད་ན་གླེན་པ་ཡིནཿ ཡིད་བཞིན་ནོར་བུ་གཏེར་དུ་སྦོས་ཤིག་གསུངསཿ དེ་ནས་རྒྱལ་སྲས་མུ་ཏིག་བཙན་པོ་ནིཿ རྗེ་འབངས་ཉི་ཤུ་རྩ་ལྔས་བསྐོར་བ་དང་ཿ མཁན་པོ་ཤཱཀྱ་བསོད་ནམས་གཙོ་བྱས་པའིཿ བོད་ཀྱི་རབ་ཏུ་བྱུང་བ་ཐམས་ཅད་དང་ཿ བཻ་རོ་ཙ་ན་སྐ་ཅོག་སྣ་དྲངས་པའིཿ བོད་ཀྱི་ལོ་ཙཱ་མཁས་པ་ཐམས་ཅད་དང་ཿ མཐུ་མཁན་སངས་རྒྱས་ཡེ་ཤེས་སྣ་དྲངས་པའིཿ བོད་ཀྱི་སྔགས་ནག་མཐུ་མཁན་ཐམས་ཅད་དང་ཿ སྔགས་པ་རྡོ་རྗེ་བདུད་འཇོམས་སྣ་དྲངས་པའིཿ བོད་ཀྱི་རྔ་བརྡུངས་འཕྲེང་ཐོགས་ཐམས་ཅད་དང་ཿ བླ་སྨན་ཉང་བཙན་ཤི་ལས་སྣ་དྲངས་པའིཿ བོད་ཀྱི་སྨན་དཔྱད་བྱེད་པ་ཐམས་ཅད་དང་ཿ བླ་མཁྱེན་ལྗང་སྟོན་ཁུ་ལུས་སྣ་དྲངས་པའིཿ བོད་ཀྱི་གབ་རྩེ་འདིངས་པ་ཐམས་ཅད་དང་ཿ ཡོན་བདག་མཁར་ཆེན་རྒྱས་གྱིས་སྣ་དྲངས་


PKT001_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༤ན༽ནསཿ བོད་ཀྱི་ཕོ་སྐྱེས་ཡོན་བདག་ཐམས་ཅད་དང་ཿ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྣ་དྲངས་པའིཿ བོད་ཀྱི་བུད་མེད་བུ་མོ་ཐམས་ཅད་ཀྱིསཿ དཔལ་མོ་དཔལ་ཐང་སྐྱེལ་ཐུང་ཞམ་རིང་བྱསཿ སྟོད་ཀྱི་མངའ་རིས་ཅོག་གེའི་ཡུལ་ཞེས་པཿ བྲག་ནི་སྲིན་པོ་ཁྲོས་འདྲའི་ཡུལ་ཚུགས་པ་སྐྱལཿ སློབ་དཔོན་ཐུགས་རྗེ་ཆེན་པོའི་སྒོམ་ལུང་དང་ཿ མེ་རི་ལ་ནི་ཞལ་གདམས་ཆོས་རེ་གསུངསཿ དེ་ནས་བོད་ཁམས་ཡོངས་ལ་འདི་སྐད་གདམསཿ ད་ལྟ་བཞུགས་དང་མ་འོངས་འབྱོན་པ་ཡིཿ བོད་ཁམས་ཐུགས་ལ་འདི་ལྟར་བཞག་པར་ཞུཿ ངག་འཁྱལ་ཀུ་རེའི་གསེབ་ནས་དོན་དམ་ཡོང་ཿ གྱ་ཚོམས་ཚིག་གིས་སྙིང་ནའི་མེ་ལོང་བྱེདཿ སོར་གྱིས་སླེབ་པར་འདོམ་གྱིས་མི་འགྱོངས་འགྲོཿ ཆད་ལ་གསེར་སྲབ་ཆུད་ཅིག་རྗེ་འབངས་རྣམསཿ བསྟན་པ་ཡོངས་ལ་གནོད་པའི་དཔེ་མ་འཛུགསཿ འཕྲལ་ཕུགས་གཉིས་ཀ་མེད་པའི་མགོ་མ་སྟོང་ཿ སྲོལ་ངན་རྟེན་འབྲེལ་ལོག་པའི་བློ་མ་བསྲེལཿ བྱ་བ་བརྟགས་ནས་གྱིས་ཤིག་རྗེ་འབངས་རྣམསཿ རང་ལ་མི་ཕན་གཞན་གནོད་ཁ་མ་ཟེརཿ མིས་འཕྱ་རང་ཕུང་ཆང་ནག་གྲོས་མ་འདྲིཿ འགྱོད་པ་ཕྱི་ལ་མ་སྐྱེ་སྔོན་བསམ་ཐོང་ཿ རང་གིས་རང་ཉིད་མ་བསླུ་རྗེ་འབངས་རྣམསཿ དཔལ་འབྱོར་ཡོད་དུས་ཆ་བྱུག་དྲིན་འོག་ཆུགཿ སུ་ལ་སུ་རེ་མི་ཤེས་སྙིང་མ་རིང་ཿ སྔོན་ལས་ཚེ་འདིར་རྡོལ་ཀྱང་རང་མི་འགྱོདཿ


PKT001_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༤བ༽དྭ་སྤྲུག་སུན་འབྱིན་མ་བྱེད་རྗེ་འབངས་རྣམསཿ མིའི་མཐའ་ཅིར་འགྱུར་མི་ཤེས་ལས་ཀྱིས་བྱེདཿ རང་མ་ཕམ་ན་རྒྱལ་ཁ་གཞན་ལ་བྱིནཿ མི་དྲག་སྟོབས་ཆེ་ཁ་དྲག་ཁ་ཉན་དགའཿ མི་ལ་རྔན་ཅན་མ་བྱེད་རྗེ་འབངས་རྣམསཿ མི་ལ་གོ་མེད་མི་ཡོང་ནང་ན་བཀྲཿ སུ་ལ་དབང་ཡོད་ཕྱག་ཚད་མིས་མི་འཇོགཿ བཟང་ལན་དཀའ་སྟེ་ངན་ལན་འཇལ་བ་སླཿ སྡུག་པོ་རིན་གཞལ་མ་ཉོ་རྗེ་འབངས་རྣམསཿ ཕན་སྒོ་མ་བཏགས་མི་ལ་རེ་མ་ཆེཿ མི་ལ་སྐྱིད་སྡུག་ཐམས་ཅད་རེ་མོས་ཡིནཿ རང་གི་མ་བྱུང་སུ་ལ་རེ་ཡང་བརྡུགསཿ ལ་ཡོགས་རྣམ་སྨིན་སོམས་ཤིག་རྗེ་འབངས་རྣམསཿ སྤྱིར་ནི་སེམས་ཅན་ཡོངས་ལ་ཕན་བཏགས་ཤིང་ཿ ཡང་སྒོས་བོད་ཁམས་ཡོངས་ལ་དྲིན་ཆེར་བྱསཿ དྲིན་ནི་མི་འདྲེན་ཁྱོད་རྣམས་ང་རང་ཤེསཿ ལྔ་བརྒྱ་དུས་ངན་ཤར་ཚེ་པད་འབྱུང་ངསཿ དུག་ལྔས་བསླུས་པ་འཁོར་བའི་སེམས་ཅན་ལཿ མཐོངས་སྐར་ཉེ་ཞུར་མུན་མགོ་རང་མཐོང་ཙམཿ ཆོས་ཀྱི་གཏེར་ཀ་ས་སྟེང་ཁྱབ་པར་སྦསཿ ལས་ཅན་གཏེར་སྒོ་འབྱེད་པ་འགའ་ཡང་འབྱུང་ཿ ང་ཡི་སྤྲུལ་པས་འགྲོ་བ་མ་ལུས་འདུལཿ སེམས་ཅན་སྨིན་གྲོལ་བདེ་ལ་འགོད་པར་སྲིདཿ ཉམ་དམས་བསྟན་པ་འགྲིབ་ལ་ཉེ་བ་ནཿ དག་པས་ང་རང་དངོས་སུ་མཐོང་ཡང་སྲིདཿ དགོས་འདོད་རེ་བ་སྐོང་བའི་ནོར་བུའི་འབྱུང་ཿ རྗེ་འབངས་འཁོར་བཅས་འདི་ནས་ལོག་ཅིག་གསུང་ཿ རྗེ་འབངས་ཡོན་


PKT001_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༥ན༽མཆོད་ཐམས་ཅད་མ་དགའ་སྟེཿ མི་རིའི་ཁོང་ནས་སྙིང་རེ་བཏོན་སྙམ་བྱེདཿ གདོང་པ་མཆི་མས་གང་བས་ལམ་མི་མཐོང་ཿ ཀུན་གྲོས་མ་བྱས་བློ་མཐུན་བཤོལ་བཏབ་སྟེཿ འཇིག་རྟེན་ཟས་ནོར་སློབ་དཔོན་དྲུང་དུ་སྤུངསཿ སྐོར་བ་གྲངས་མེད་བསྐོར་ནས་མདུན་དུ་འོང་ཿ ལག་མཐིལ་དཔྲལ་བ་རྡོལ་རྡོལ་ཕྱག་བཙལ་ནསཿ ཨུ་རྒྱན་ཆེན་པོའི་ཆིབས་སྣ་བརྟེན་ཏེ་གསོལཿ ཀྱེ་མ་གུ་རུ་རིན་པོ་ཆེཿ མུན་གླིང་བོད་ཀྱི་ཉི་གཅིག་པུཿ འོད་གསལ་སྒྲོན་མེ་གང་དུ་གཤེགསཿ དོན་ལ་གཤེགས་བཞུད་མི་མངའ་ཡང་ཿ སྲིན་པོ་འདུལ་དུ་གཤེགས་ཙ་ནཿ བོད་ཁམས་ལྷ་མི་ཐམས་ཅད་ཀྱིཿ མི་རེའི་མགོ་ནས་ཉི་རེ་ནུབཿ བསེར་མས་གདུངས་ཚོ་སུ་ཡིས་སྲོཿ མི་རེའི་དཔྲལ་ནས་མིག་རེ་ཕྱུང་ཿ ཅེ་རེ་ལོང་ཚོ་སུ་ཡིས་ཁྲིདཿ མི་རེའི་ཁོང་ནས་སྙིང་རེ་བཏོནཿ སྨྲ་ཤེས་རོ་ཚོ་སུ་ཡིས་བསྲེལཿ འགྲོ་བའི་དོན་ལ་བོད་བྱོན་ནསཿ གཏན་དུ་མི་སྐྱོང་སྙིང་མི་དགའཿ བོད་ཁམས་ལྷ་མི་ཐམས་ཅད་ཀྱིཿ བློ་སེམས་གུ་རུའི་ཕྱོགས་སུ་ཤོརཿ གོམ་པ་བགྲོད་ཀྱང་ཐོམ་ཐོམ་ལུསཿ ངན་སོང་གཡང་ལས་སུ་ཡིས་སྐྱོབཿ རྗེས་འཇུག་ཐང་ལ་མ་བོར་མཛོདཿ རྗེ་ཉིད་སྲིན་ཡུལ་གཤེགས་ཙ་ནཿ རྒྱལ་པོའི་བླ་མཆོད་སུ་ཡིས་བྱེདཿ མཁས་བཙུན་འདུ་ས་གང་དུ་བགྱིདཿ སྒོམ་ཆེན་ཉམས་རྟོགས་སུ་ལ་འབུལཿ སྒོམ་སྐྱོན་


PKT001_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༥བ༽བར་ཆད་སུ་ཡིས་སེལཿ སྣོད་ལྡན་གང་ཟག་སུ་ཡིས་འདྲེནཿ སངས་རྒྱས་བསྟན་པ་སུ་ཡིས་འཛིནཿ དད་ལྡན་འཚོགས་གང་དུ་བགྱིདཿ འདི་ལྟར་ཇོ་མོ་བདུན་པོས་ཀྱང་ཿ རང་སྐྱེས་ཕ་ཡུལ་སྤང་སྤངས་ནསཿ ཡིད་བརྟེན་བློ་གཏད་སུ་ལ་འཆའཿ ཡ་གི་རྗེ་རྒྱལ་མན་ཆོད་ནསཿ མ་གི་སྤྲང་པོ་ཡན་ཆོད་དུཿ བོད་ཁམས་ལྷ་མི་ཐམས་ཅད་ཀྱིཿ མོས་གུས་སེམས་རྟེན་སུ་ལ་འཆོལཿ ཀྱེ་ཧུ་ད་གུ་རུ་རིན་པོ་ཆེཿ ད་དུང་བོད་ཁམས་སྐྱོང་བར་ཞུཿ སློབ་དཔོན་ཞལ་ནས་འདི་སྐད་གསུངསཿ ཀྱེ་རྒྱལ་པོས་དབུ་མཛད་ལྷ་མི་རྣམསཿ དར་ཅིག་ཨུ་རྒྱན་ངག་ལ་ཉོནཿ ལས་དང་སྨོན་ལམ་ཐུགས་རྗེའི་མཐུསཿ སངས་རྒྱས་སྐུ་གསུང་ཐུགས་བསྟན་པཿ ད་ལྟ་བོད་ན་ཉི་འོད་གསལཿ ཨུ་རྒྱན་བརྒྱུད་འཛིན་འགའ་ཡང་བཞུགསཿ ལྷ་མི་ཀུན་གྱིས་ཆོས་བཞིན་སྤྱོདཿ རྒྱལ་སྲིད་དམ་ཆོས་མངའ་ཐང་རྒྱསཿ ཆོས་བྱེད་རྣམས་ཀྱང་རང་ས་ཟིནཿ ལྷ་ས་བསམ་ཡས་ལ་སོགས་པའིཿ དད་བདུན་རྟེན་མཆོད་བོད་ན་བཟང་ཿ ཨུ་རྒྱན་བཞུགས་དང་ཁྱད་པར་མེདཿ གདམས་པས་ས་སྟེང་ས་འོག་གང་ཿ སྐུ་གསུང་ཐུགས་རྟེན་རང་བྱུང་ལྡནཿ ཇོ་མོ་རྣམས་ཀྱང་རང་དབང་ཐོབཿ ད་ལྟ་སྨྲེ་སྔགས་འདོན་མི་འཚལཿ ཁྱོད་རྣམས་ཟ་མདོག་བདེ་དུས་འདིརཿ ང་འགྲོ་སྲིན་པོའི་ཡུལ་དུ་འགྲོཿ ལྔ་བརྒྱའི་དུས་སུ་སྨྲེ་སྔགས་འདོནཿ བོད་ཁམས་སྡུག་པའི་དུས་ཤིག་མཆིཿ


PKT001_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༦ན༽དེ་ཡང་བོད་ཁམས་རང་བཞིན་ངནཿ ཆོས་བྱེད་ཀུན་དམོད་སྡིག་བྱེད་བསྟོདཿ ལས་ངན་དེ་ཡི་འབྲས་སྨིན་ནསཿ བོད་ཁམས་བསོད་ནམས་མར་མར་འགྲིབཿ ཨུ་རྒྱན་ངས་ཀྱང་སྐྱོབ་དཀའ་སྟེཿ འོན་ཀྱང་གནས་སྐབས་བདེ་བ་ཀུནཿ ང་ཡི་སྤྲུལ་པས་འགྲུབ་པར་འགྱུརཿ མ་དག་སེམས་ཅན་གདུལ་དཀའ་བསཿ དངོས་ཀྱིས་བསྡད་ཀྱང་ཐུལ་མི་འགྱུརཿ འགྲོ་དོན་ཐེབས་གཅིག་བྱས་ཟིན་གསུངསཿ བཤོལ་མ་ཐེབས་པར་གུང་ཐང་ལ་ཀར་བྱོནཿ ལྷ་སྲས་རྗེ་འབངས་རྣམས་ཀྱིས་ཕྱི་ཕྱག་མཛདཿ གུང་ཐང་ལ་ཀར་ཞག་ས་མཛད་པའི་དུསཿ ནམ་མཁའ་སྤྲིན་དཀར་དམར་སེར་འཇའ་འོད་འཁྱིལཿ སྤྲིན་གྱི་གསེབ་ནས་རྟ་རྒྱལ་བ་ལ་ཧཿ ཅང་ཤེས་རྟ་སྔོན་རིན་ཅན་སྒ་སྲབ་སྤྲསཿ རྣ་མཆོག་ཀྲོང་ངེ་ཨི་ཧའི་སྒྲ་ཆེན་སྒྲོགཿ སྔ་ཕྱི་ལྷ་དང་ལྷ་མོའི་ཚོགས་ཀྱིས་བསྐོརཿ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་བརྒྱད་དང་ཿ རོལ་མོ་སྣ་ཚོགས་མཁའ་འགྲོའི་ཚོགས་ཀྱིས་བསུསཿ སློབ་དཔོན་རྗེ་འབངས་རྣམས་ལ་མགུར་འདི་གསུངསཿ ང་འགྲོ་མེ་ལོང་ཡེ་ཤེས་ཡུལ་དུ་འགྲོཿ མེ་ལོང་ཡེ་ཤེས་ཡུལ་དུ་འགྲོ་ཙ་ནཿ ཞེ་སྡང་དགྲ་ལ་མི་ཁྲོ་འོད་གསལ་ཐང་ཿ དབྱིངས་རིག་མ་བུ་འབྲལ་མེད་འགྲོགས་ནས་འགྲོཿ ང་འགྲོ་མཉམ་ཉིད་ཡེ་ཤེས་ཡུལ་དུ་འགྲོཿ མཉམ་ཉིད་ཡེ་ཤེས་ཡུལ་དུ་འགྲོ་ཙ་ནཿ འཁོར་འདས་གཉིས་སུ་མི་དབྱེ་ཆོས་དབྱིངས་ཐང་ཿ


PKT001_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༦བ༽ཡེ་གྲུབ་སངས་རྒྱས་ཁྱུ་དང་འགྲོགས་ནས་འགྲོ་ནས་འགྲོཿ ང་འགྲོ་སོར་རྟོག་ཡེ་ཤེས་ཡུལ་དུ་འགྲོཿ སོར་རྟོག་ཡེ་ཤེས་ཡུལ་དུ་འགྲོ་ཙ་ནཿ འདོད་ཆགས་གཉེན་ལ་མི་ཆགས་བདེ་ཆེན་ཐང་ཿ བྱར་མེད་ལྟ་བའི་གྲོགས་དང་འགྲོགས་ནས་འགྲོཿ ང་འགྲོ་བྱ་གྲུབ་ཡེ་ཤེས་ཡུལ་དུ་འགྲོཿ བྱ་གྲུབ་ཡེ་ཤེས་ཡུལ་དུ་འགྲོ་ཙ་ནཿ ཕྲག་དོག་ཡུལ་ལ་མ་ཆགས་འཕྲེང་བྲལ་ཐང་ཿ སྣང་སྲིད་ཟད་སར་སྐྱེལ་དང་འགྲོགས་ནས་འགྲོཿ ང་འགྲོ་ཆོས་དབྱིངས་ཡེ་ཤེས་ཡུལ་དུ་འགྲོཿ ཆོས་དབྱིངས་ཡེ་ཤེས་ཡུལ་དུ་འགྲོ་ཙ་ནཿ གཏི་མུག་གཉིད་དུ་མི་ལོག་སྒོམ་མེད་ཐང་ཿ འཇའ་འོད་ཟེར་གསུམ་གྲོགས་དང་འགྲོགས་ནས་འགྲོཿ ང་འགྲོ་ལྟ་བའི་ལ་ལ་བུད་ནས་འགྲོཿ ལྟ་བའི་ལ་ལ་བུད་ནས་འགྲོ་ཙ་ནཿ ཉིན་མཚན་བསྒོམ་དུ་མེད་པར་ཡེངས་མེད་འགྲོཿ ང་འགྲོ་སྒོམ་པའི་ལ་ལ་བུད་ནས་འགྲོཿ སྒོམ་པའི་ལ་ལ་བུད་ནས་འགྲོ་ཙ་ནཿ སྒོམ་གེགས་བྱིང་རྒོད་གཉིས་ལས་གྲོལ་ནས་འགྲོཿ ང་འགྲོ་སྤྱོད་པའི་ལ་ལ་བུད་ནས་འགྲོཿ སྤྱོད་པའི་ལ་ལ་བུད་ནས་འགྲོ་ཙ་ནཿ ཤེས་བྱར་མ་རྨོངས་ཐམས་ཅད་མཁྱེན་ནས་འགྲོཿ ང་འགྲོ་འབྲས་བུའི་ལས་ལ་ལ་བུད་ནས་འགྲོཿ འབྲས་བུའི་ལ་ལ་བུད་ནས་འགྲོ་ཙ་ནཿ རྟོགས་པ་མངོན་གྱུར་སངས་རྒྱས་ཐོབ་ནས་འགྲོཿ ང་འགྲོ་ལྷོ་ནུབ་སྲིན་པོའི་ཡུལ་དུ་འགྲོཿ གདོང་དམར་སྲིན་པོ་འདུལ་དུ་འགྲོ་ཙ་ནཿ སེམས་ཅན་ཐམས་ཅད་བདེ་ལ་བཀོད་དུ་འགྲོཿ ང་འགྲོ་ཟངས་མདོག་དཔལ་རིའི་ཕོ་བྲང་འགྲོཿ ཟངས་མདོག་དཔལ་རིའི་ཕོ་བྲང་འགྲོ་ཙ་ནཿ སྲིན་པོ་ཐམས་ཅད་ཆོས་ལ་འཛུད་དུ་འགྲོཿ རྗེ་འབངས་ཡུན་དུ་སྐུ་ཁམས་བདེ་


PKT001_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༧ན༽བར་བཞུགསཿ ཐུགས་རྗེ་རྒྱུན་ཆད་མེད་དོ་གསོལ་བ་ཐོབཿ ཅེས་གསུངས་ང་འགྲོ་གསུངས་ནས་སེང་ལྡེང་སྒྲའིཿ སྔ་རུའི་སྟེང་དུ་ཞབས་གཉིས་མཉམ་བཞེངས་ནསཿ འདོམ་གང་ཙམ་གྱི་ནམ་མཁར་འཕགས་ནས་བཞུགསཿ རྗེ་འབངས་ཡོངས་ནི་འབའ་དིར་ཆོང་བརྒྱངས་བཏོནཿ ཞལ་ནི་ཕྱིར་ལོག་གཟིགས་ནས་འདི་སྐད་གསུངསཿ ཉོན་དང་བོད་ཀྱི་རྗེ་འབངས་རྣམསཿ ཁ་ཡེངས་མིག་ཡེངས་གདལ་བ་ཆེཿ སྡུག་བསྔལ་བྱུང་ཡང་ཆོས་མ་དྲནཿ དྲན་རྒྱུའི་བློ་སྣ་དེ་ཡིན་ཏེཿ ཚེ་འདིའི་མདུན་མ་བཤོལ་ལ་ཐོངསཿ འཁོར་བ་སྤོང་ན་ང་ཕྱིར་ཤོགཿ སྐྱིད་པའི་མདུན་མ་དེ་ལས་མེདཿ བོད་ཀྱི་དད་པ་ཁེ་ཁོལ་ཅནཿ ཉིན་པར་འཇིག་རྟེན་བྱ་བས་གཡེངསཿ མཚན་མོ་གཏི་མུག་གཉིད་དུ་སོང་ཿ བར་སྐབས་གཏོ་གོས་གཡོག་གིས་བྲེལཿ མ་ལྡང་མ་ཕྱིད་མི་ཚེ་ཟདཿ ང་དང་ལྟ་སྤྱོད་ཡེ་མ་མཐུནཿ བྱ་བ་ཐོངས་ན་ང་ཕྱིར་ཤོགཿ ཆོས་ཀྱི་བྱེད་ཐབས་དེ་ལས་མེདཿ བོད་ཀྱི་བརྩོན་འགྲུས་ཚེ་འདི་ཚེཿ སང་བྱ་གནངས་བྱར་མི་ཚེ་ཟདཿ ད་ལྟ་འཆི་ཡང་ཆོས་མ་དྲནཿ དགོས་ངོ་ཤེས་པ་དེ་ཡིན་ནོཿ ཿཟས་ནོར་གསོག་འཇོག་བརྗེད་ནས་སོང་ཿ བཞག་འགྲོར་གོ་ན་ད་ཕྱིར་ཤོགཿ སེར་སྣ་འགྲོལ་ཐབས་དེ་ལས་མེདཿ བོད་ཀྱི་བྱ་བློ་མི་བཟང་མང་ཿ དགྲ་འདུལ་གཉེན་སྐྱོང་ཡུལ་སྒྲོག་བཅུགཿ མི་ཚེ་རྒས་ཀྱང་ཆོས་མ་དྲནཿ བསྟོངས་ངོ་ཤེས་པ་དེ་ཡིན་ཏེཿ ངོ་ཚ་ཁེ་གྲགས་ལས་ལ་འབྱམསཿ ཕ་ཡུལ་སྤོངས་ནང་ཕྱིར་


PKT001_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༧བ༽ཤོགཿ ཆོས་ཀྱི་གེགས་སེལ་དེ་ལས་མེདཿ བོད་ཁམས་འདོད་པའི་དོང་རིང་ཚོཿ མི་གཅིག་ཁ་གཅིག་མ་སོས་པསཿ གཅེས་དགུ་ཤི་རུང་ཆོས་མ་དྲནཿ འཁྱེར་རྒྱུའི་ནོམ་པ་དེ་ཡིན་ཏེཿ དོན་མེད་ལས་ལ་སྡུག་བསྒུར་འཛུགསཿ སྐྱོ་བ་སྐྱེས་ན་ང་ཕྱིར་ཤོགཿ ཞན་ཆགས་བསྐྱུང་ཐབས་དེ་ལས་མེདཿ སྣང་བ་ཡུལ་ཕྱིར་མ་འབྲང་བརཿ རིག་པ་ཚད་ཕོང་ང་ཕྱིར་ཤོགཿ བདེ་བ་ཆེན་པོའི་ཕོ་བྲང་དུཿ པདྨ་འབྱུང་གནས་འགྲོ་བ་ལཿ སྐྱེལ་ཐུང་མི་འཚལ་ལོག་ནས་བྱོནཿ འདུ་འབྲལ་མེད་དོ་ཐུགས་མ་ཆདཿ ང་དང་འཕྲད་ཀྱིས་ཕྱི་ལ་ལྟོསཿ མ་མཐོང་ཙ་ན་མཉམ་པར་ཞོགཿ ཡང་ལྟོས་ཡང་ལྟོས་མ་ཡེངས་ལྟོསཿ ཉིན་པར་བྱུང་རེས་ཐུགས་རྗེ་ཆེན་པོ་སྒོམསཿ མཚན་མོ་བྱུང་རེས་པདྨ་ང་ཉིད་སྒོམསཿ མི་ཆོས་བྱས་པས་ལྷ་ཆོས་མི་འབྱུང་བསཿ ཚེ་འདིའི་བྱ་བ་ཐོངས་ཤིས་རྗེ་འབངས་རྣམསཿ ཞེས་གསུངས་རྟ་མཆོག་རིན་ཅན་སྟེང་དུ་ཆིབསཿ དཔའ་བོ་སྡེ་བཞིས་ཆིབས་ཀྱི་སྣ་དྲངས་ནསཿ འཇའ་ཚོན་འོད་དུ་ཁྱིལ་ལེ་ནམ་མཁར་བཞུདཿ རྗེ་འབངས་ཉ་མོ་བྱེ་ཚན་དོར་བ་ལྟརཿ ལྟོགས་སྐོམ་མ་དྲན་གུང་ཐུང་ལ་ཀར་ལུསཿ དེ་ནས་རྒྱལ་བློན་རྗེ་འབངས་འཁོར་བཅས་ཀྱིསཿ མང་ཡུལ་གྱི་གྲོང་རོང་ཐང་ཤོ་རྫིང་མཐརཿ ཉི་ཤུ་ལྔ་བར་མཉམ་པར་བཞག་ནས་སུཿ ཉི་ཟེར་སློབ་དཔོན་བཞུད་པའི་ཕྱི་ལ་བལྟསཿ ཉི་ཟེར་གསེབ་ནས་ཕར་ལ་བྱ་རོག་


PKT001_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༨ན༽ཙམཿ ཕྲིག་ཕྲིག་འོད་དུ་ལམ་ལམ་བྱས་ནས་བཞུདཿ དེ་ནས་ཕུག་རོན་ཙམ་དང་བྱེའུ་ཙམཿ སྦྲང་བུ་ཙམ་དང་སྲོ་མ་ཙམ་སོང་ནསཿ དེ་ནས་བལྟས་ཀྱང་མིག་གིས་མ་མཐོང་སྟེཿ མཉམ་པར་བཞག་ཅིང་བལྟས་ཀྱང་མ་མཐོང་བརཿ དགོངས་ཀ་མཉམ་བཞག་ཉི་མ་ཟེར་ཙམ་ནཿ རྒྱ་གར་ཕར་བརྒལ་ཨུ་རྒྱན་མ་སླེབ་པརཿ ཛམྦུ་ཟ་རིའི་ཁར་གཤེགས་བཞུགས་པ་མཐོང་ཿ དེ་ནས་ནངས་པར་མཉམ་བཞག་བལྟས་པ་ཡིསཿ སིངྒ་ལ་གླིང་ལྕགས་ཀྱི་གྲོང་ཁྱེར་འགྲམཿ ལྗོན་ཤིང་ཙམ་པ་ཀ་ཡི་བསིལ་གྲིབ་བཞུགསཿ ཅང་ཤེས་རྟ་མཆོག་གསེར་གྱི་བྱེ་མ་འདྲེཿ སྨན་གྱི་རྒྱལ་པོ་ས་ཏྀ་ཟ་བ་མཐོང་ཿ སློབ་དཔོན་དྲུང་ན་སྲིན་པོའི་བུ་མོ་ནིཿ རབ་མཛེས་གཞོན་ནུ་སྟོང་ཕྲག་གཅིག་འདུས་ནསཿ ཆོས་ཀྱི་འོད་ཟེར་ཕོག་ནས་མོས་པ་མཐོང་ཿ སྲིན་པོ་སྲིན་མོ་ལྕགས་ཁང་སྒོ་མེད་དུཿ སྲིན་པོའི་རྒྱལ་པོ་ཐོད་འཕྲེང་རྩལ་དུ་བཞུགསཿ སྲིན་པོ་ཐམས་ཅད་འདུད་ཅིང་གུས་པར་མཐོང་ཿ དེ་ནས་རྒྱལ་བློན་རྗེ་འབངས་འཁོར་བཅས་ཀྱིསཿ ཕྱི་ལ་ཕྱག་འཚལ་རང་རང་ཁབ་ཏུ་ཆསཿ དཔལ་མོ་དཔལ་ཐང་ཚུགས་ལ་སླེབ་པའི་ཚེཿ རྒྱལ་སྲས་མུ་ཏིག་བཙན་མོའི་ཞལ་ན་རེཿ མཐོང་ཐོས་དྲན་རེག་དོན་ལྡན་པའིཿ གུ་རུ་ཨུ་རྒྱན་ཡུལ་དུ་བཞུདཿ བོད་ཡུལ་ལུང་པ་སྟོང་པར་བཏང་ཿ ཡབ་རྗེ་རྒྱལ་པོ་དགུང་དུ་གཤེགསཿ བདག་ནི་ལུས་སེམས་སྣང་བ་སྐྱོཿ


PKT001_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༨བ༽ཁྱེད་རྣམས་སྐྱོ་བ་མི་སྐྱེའམཿ རང་རེ་རྗེ་འབངས་ཐམས་ཅད་ཀུནཿ ཤངས་ཀྱི་ཟམ་བུ་སྐོར་དུ་འདོདཿ རྒྱལ་པོས་དེ་སྐད་བཀའ་སྩལ་པསཿ བློན་པོའི་ཚོགས་ཀྱིས་ལན་གསོལ་པཿ གསན་དང་མངའ་བདག་ཆོས་ཀྱི་རྒྱལཿ ཟམ་བུས་ཅི་བྱེད་ཁབ་ཏུ་གཤེགསཿ ཤུལ་ན་ཡོད་པའི་རྗེ་འབངས་རྣམསཿ མངའ་བདག་འཆར་འདོད་ཚད་པས་སྐོམཿ གཙུག་ལག་ཆེན་པོར་མྱུར་བར་གཤེགསཿ ཞེས་ཞུས་རྗེ་འབངས་རང་ཡུལ་ལོགཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བོད་ཡུལ་ནས་ལྷོ་ནུབ་སྲིན་པོ་འདུལ་དུ་བཞུད་པའི་ལེའུ་སྟེ་བརྒྱ་དང་བདུན་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ