གཉིས་པ་བདེན་གཉིས་ཀྱི་སྐུ་གཉིས་སུ་དབྱེ་བ།

གཉིས་པ་བདེན་གཉིས་ཀྱི་སྐུ་གཉིས་སུ་དབྱེ་བ་ནི།

སྐུ་གཉིས་ནི་དོན་དམ་ཆོས་ཀྱི་སྐུ་དང་ཀུན་རྫོབ་གཟུགས་ཀྱི་སྐུ་སྟེ་རང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གནས་སོ། །དེ་ཡང༌། རྒྱུད་བླ་མར་རང་དོན་གཞན་དོན་གྱི་སྐུ་དོན་དམ་ཆོས་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་གཟུགས་སྐུ་ཉིད་དེ། །དྲི་མ་བྲལ་བས་ཐོབ་པ་དང་ངོ་བོ་རྣམ་པར་སྨིན་པའི་འབྲས་བུ་ཡི། ། ཡོན་ཏན་དབྱེ་བ་དྲུག་བཅུ་བཞི་འདི་དག་དང་ལྡན་ནོ །དེ་དག་བཤད་ན་བདག་ཉིད་ཀྱི་ནི་འབྱོར་བའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ།གཟུགས །སྐུ་ནི་ཕ་རོལ་ལ་ཕུན་སུམ་ཚོགས་པ་འབྱུང་བའི་གནས། །དེ་ལ་དང་པོའི་སྐུ་དོན་དམ་གྱི་སྐུ་ནི་དོན་དམ་གྱི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་ཀུན་རྫོབ་ཀྱི་སྐུ་ནི་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་ཀུན་རྫོབ་པ་དག་དང་ལྡན། །ཞེས་བྲལ་འབྲས་ཆོས་སྐུ་གང་ཡིན་པ་འགྱུར་མེད་ཡོངས་གྲུབ་དང་དེ་བཞིན་ཉིད་ཀྱི་སྐུ་ལ་བྲལ་བའི་ཡོན་ཏན་དོན་དམ་གྱི་སྟོབས་ལ་སོགས་པ་ཚང་བ་དང་སྐྱེད་འབྲས་གཟུགས་སྐུ་གང་ཡིན་པ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང་ཡང་དག་ཡེ་ཤེས་ལྡན་པ་ལ་བསྐྱེད་པའི་ཡོན་ཏན་མཚན་ལ་སོགས་པ་ཡོད་པར་གསུངས་སོ། །འདི་དག་གིས་ནི་ཁ་ཅིག་ཆོས་སྐུའང་བསྐྱེད་འབྲས་ཀུན་རྫོབ་ཏུ་འདོད་པ་དང༌། ཁ་ཅིག་གཟུགས་སྐུའང་བྲལ་འབྲས་དོན་དམ་དུ་འདོད་པ་བསལ་བ་ཡིན་ནོ། །སྐུ་གསུམ་ལ་འཇུག་པའི་སྒོར་ཡང༌། ཕུང་པོར་བཅས་པའི་མྱ་ངན་འདས། །ཐུབ་སྐུ་གཟུགས་སྐུ་གཉིས་ལ་བཞག་པ་ཡིན། །འདུས་བྱས་ཀྱི་ཕུང་པོ་ཀུན་དང་བྲལ་བའི་ཕྱིར། ། ཆོས་ཀྱི་སྐུ་ལ་འདུས་བྱས་ཀྱི་ཕུང་པོ་མེད། །ཅེས་སོ། །དེ་བཞིན་དུ་ཁ་ཅིག་ཆོས་སྐུའང་སེམས་ཅན་རྣམས་ལ་དང་པོ་ནས་མེད་པར་འདོད་པ་དང༌། ཁ་ཅིག་གཟུགས་སྐུའང་སེམས་ཅན་རྣམས་ལ་དང་པོ་ནས་ཡོད་པར་འདོད་པ་ཡང་ཤིན་ཏུ་འཁྲུལ་ཏེ། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་ཏེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང༌། །ཡང་དག་བླངས་པ་མཆོག་ཉིད་དོ།།ཞེས་སོགས་རྒྱ་ཆེར་གསུངས་པ་སྔར་དྲངས་པའི་ཕྱིར་རོ། །