དོན་དང་པོ། ཤིན་ཏུ་དག་པ་གཞིའི་སྐབས།

༄༅༔ གནད་གསུམ་སྒྲོན་མེ་ཞེས་བྱ་བ་བཞུགས་སོཿ ཤོག་སེར་སྐོརཿ

༄༅༔ ཊ།ཐ།ཚཱཾཿ གནད་གསུམ་སྒྲོན་མེ་ཞེས་བྱ་བཿ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོཿ དངོས་གྲུབ་ཡོན་ཏན་རིན་ཆེན་གཏེརཿ ཀུན་ལ་གུས་པས་ཕྱག་འཚལ་ཏེཿ གཞི་དང་གཞི་སྣང་འཁྲུལ་ཚུལ་གྱིསཿ གནད་གསུམ་སྣང་བའི་སྒྲོན་མེ་བཤདཿ

རྡོ་རྗེ་རྩེ་མོའི་གནས་རྣམ་པར་གཞག་པ་ལསཿ ཤིན་ཏུ་དག་པ་གཞིའི་སྐབསཿ གཞི་དག་པ་ནང་གི་སྐབསཿ མ་དག་འཁྲུལ་པ་ཕྱིའི་སྐབས་རྣམ་པར་གཞག་པ་གསུམ་ལསཿ དང་པོ་ནི་ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པཿ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པའི་དེ་བཞིན་ཉིདཿ དོན་དམ་པའི་བདེན་པ་རང་བཞིན་ཆོས་སྐུཿ ནམ་མཁའ་ལྟར་སྟོང་པ་འདུས་མ་བྱས་པཿ ཉི་ཟླ་ལྟར་གསལ་ལ་ལྷུན་གྱིས་གྲུབ་པཿ མེ་ལོང་ལྟར་དྭངས་ལ་འཆར་གཞི་མ་འགགས་པཿ ངོ་བོ་སྟོངཿ རང་བཞིན་གསལཿ ཐུགས་རྗེ་འཆར་ཚུལ་མ་འགགས་པའི་འབྱུང་གནས་ཆེན་པོཿ ཀ་དག་ལྷུན་གྲུབ་གཉིས་སུ་མེད་པཿ ངོ་བོ་འཁོར་འདས་གང་དུའང་མ་གྲུབ་པཿ ནང་དབྱིངས་ཕྲ་བའི་ཡེ་ཤེས་ཀྱི་ངོ་བོཿ དངོས་པོ་ཁ་དོག་གི་རིགས་སུ་མ་གྲུབ་པའི་གསལ་ཆཿ ལྷུན་གྲུབ་ལ་སྐུ་ལྔཿ འོད་ལྔཿ རླུང་ལྔཿ ཤེས་རབ་ལྔཿ རིགས་ལྔ་རང་ཆས་འཆར་རུང་གཏིང་གསལ་དུ་གནས་ལཿ ཐུགས་རྗེ་རིག་པར་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་གནས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་བཞུགས་པ་ནི་གདོད་མའི་ནང་དབྱིངས་ལྷུན་གྲུབ་རིན་པོ་ཆེའི་སྦུབསཿ གཞོན་ནུ་བུམ་པ་སྐུའི་ཞིང་ཁམསཿ ཕྱི་དང་ནང་སོ་སོར་ཕྱེ་བའི་རིས་མེད་པས་ཀུན་ཏུ་ཡང་ནང་དུ་གྱུར་པའི་(༩༨)དེ་བཞིན་ཉིད་ཀུན་ཏུ་བཟང་མོའི་མཁའ་དབྱིངས་རྣམ་པར་དག་པཿ སྟོང་པ་ཆེན་པོ་དངཿ རང་བྱུང་རིག་པའི་ཡེ་ཤེས་ཀུན་ཏུ་བཟང་པོ་དང་དབྱེར་མི་ཕྱེད་པའི་མཁའ་ཀློང་དུ་འདུ་འབྲལ་མེད་པཿ ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཆེན་པོཿ འཁོར་འདས་ལ་སོགས་གང་དུའང་མ་གྲུབ་པའི་རྩལ་ལས་ནང་དུ་འཆར་བའི་དབྱིངས་སུ་བཞུགས་པ་ནིཿ ཐོག་མའི་གཞི་གནས་ལུགས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྡོ་རྗེཿ གསང་སྔགས་ཐམས་ཅད་ཀྱི་གསང་བ་ཆེན་མོཿ འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམསཿ གཞན་རྣམ་པར་གཞག་པའི་སྐབས་སོཿ འདི་ལ་ཆོས་ཀྱི་དབྱིངས་རང་བཞིན་ཆོས་སྐུཿ དང་པོའི་སངས་རྒྱསཿ དེ་བཞིན་ཉིདཿ དོན་དམ་པའི་བདེན་པཿ རང་བྱུང་གི་ཡེ་ཤེསཿ བསམ་གྱིས་མི་ཁྱབ་པའི་ཡེ་ཤེསཿ ཐོག་མ་མེད་པའི་ཆོས་ཁམས་དགེ་བཿ ལྷུན་གྱིས་གྲུབ་པའི་དཀྱིལ་འཁོརཿ རང་བཞིན་ཀུན་ཏུ་བཟང་པོ་ལ་སོགས་པཿ མདོ་རྒྱུད་ཀྱི་གནད་ཆེན་པོ་དག་ལསཿ མིང་དུ་མར་གྲགས་ཀྱང་མཐར་ཐུག་གི་གཞིཿ ཐིག་ལེ་ཉག་གཅིག་རང་བྱུང་གི་ཡེ་ཤེས་ཀུན་བྱེད་རྒྱལ་པོའི་ལུགས་ལཿ གཞན་གྱི་གནས་ཞེས་བཏགས་པའོཿ གཞན་གྱི་གནས་གསལ་བའི་སྒྲོན་མེ་རྫོགས་སོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ