དྲུག་པ་སྒྲུབ་པའི་ཆེད་དུ་བྱ་བ་བཤད་པ།དྲུག་པ་སྒྲུབ་པའི་ཆེད་དུ་བྱ་བ་བཤད་པ་ལ། རྩ་བར། སེམས་ཅན་ཀུན་མཆོག་ཉིད་སེམས་དང༌། །སྤོང་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་བྱུང་གི །ཆེད་དུུ་བྱ་བ་འདི་ཤེས་བྱ། །ཞེས་སོ། །དེའི་དོན་བཤད་པ་ལ། སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ། ཆེད་དུ་བྱ་བའི་མཚན་ཉིད་དང༌། ཆེན་པོ་གསུམ་གྱི་གོ་དོན་བཤད་པ་དང་གཉིས། དང་པོ་ཆེད་དུ་བྱ་བའི་མཚན་ཉིད། བྱང་སེམས་ཀྱི་སྤྱད་པ་སྤྱོད་པའི་ཐོབ་བྱའི་འདོད་དོན། མཚན་གཞི་ནི། བྱང་སེམས་ཀྱི་མཐོང་སྒོམ་དང༌། མི་སློབ་ལམ་དང༌། སྐུ་བཞི་སོགས་སོ། །མཚན་ཉིད་དང་མཚན་གཞི་དེ་ལྟར་འཐད་དེ། མདོ་ལུགས་མ་ལས། དེ་ལ་ཆེད་ནི་གང༌། བྱ་བ་ནི་གང་ཞེ་ན། ཆེད་ནི་ཆེན་པོ་གསུམ་གྱི་ཆེད་ཡིན་ལ། བྱ་བ་ནི་སེམས་དཔའ་ཆེན་པོ་ཞེས་པ་འདི་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལ་དོན་གང་གིས་ཆེད་དུ་སེམས་དཔའ་ཆེན་པོ་ཞེས་ཟེར་བའི་རྒྱུ་ནི། སེ༷མས་ཅ༷ན་ཀུ༷ན་གྱི་མཆོ༷ག་ཉི༷ད་དུ་གྱུར་པའི་སེ༷མས་ཆེན་པོ་ད༷ང༌། སྤོ༷ང་བ་ཆེན་པོ་ད༷ང༌། རྟོ༷གས་པ༷་ཆེ༷ན་པོ༷་སྟེ། གསུ༷མ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཆེ༷ན་པོ༷་གསུ༷མ་གྱི༷་ར༷ང་བྱུ༷ང་དེ། རང་བཞིན་གྱི་ཆེ༷ད་དུ༷་བྱ༷་བ༷། སེམས་དཔའ་ཆེན་པོ་ཞེས་སྨོས་པ་འདི༷་ཤེ༷ས་པར་བྱ༷འོ། །དེས་ན་ཅིའི་ཆེད་དུ་ཞེས་པ་དང༌། ཅིའི་སླད་དུ་ཞེས་པ་དང༌། ཅིའི་དོན་དུ་ཞེས་པ་དང༌། ཅིའི་ཕྱིར་དུ་ཞེས་པ་རྣམས་དོན་གཅིག་གོ །གཅིག་པ་དེའི་ཕྱིར་སྐབས་འདིའི་ཆེད་དུ་བྱ་བའི་དགོས་པ་ནི་དེ་ཡིན་ཏེ།ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། ཅི་ཕྱིར་དེ་ནི་སེམས་དཔའ་ཆེ་ཞེས་བྱ་ཞེ་ན། །སེམས་ཅན་ཚོགས་རྣམས་མང་པོའི་མཆོག་ཏུ་གྱུར་པ་དང༌། །སེམས་ཅན་ཁམས་ཀྱི་ལྟ་རྣམས་ཆེན་པོ་གཅོད་པ་སྟེ། །དེ་ཕྱིར་འདི་ནི་སེམས་དཔའ་ཆེ་ཞེས་བརྗོད་པ་ཡིན། །གཏོང་བ་ཆེ་དང་བློ་ཆེ་བ་དང་མཐུ་ཆེ་དང༌། །རྒྱལ་བ་རྣམས་ཀྱི་ཐེག་ཆེན་མཆོག་ལ་ཞུགས་པ་དང༌། །གོ་ཆ་ཆེན་པོ་བགོས་ཤིང་བདུད་ཀྱི་རྒྱུུ་འདུལ་བ། །དེ་ཡི་ཕྱིར་ན་སེམས་དཔའ་ཆེ་ཞེས་བརྗོད་པ་ཡིན། །ཞེས་དང༌། མདོ་ལས་ཀྱང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལ་སེམས་དཔའ་ཆེན་པོ་ཞེས་བགྱི་བ། ཅིའི་སླད་དུ། སེམས་དཔའ་ཆེན་པོ་ཞེས་བགྱི། བཀའ་སྩལ་པ། རབ་འབྱོར། སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་རིས་ཕལ་མོ་ཆེའམ་ཕལ་བྱེད་པར་འགྱུར་བས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སེམས་དཔའ་ཆེན་པོ་ཞེས་བྱའོ། །ཞེས་པ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་སེམས་དཔའ་ཆེན་པོ་ཞེས་པའི་རྒྱུ་མཚན་སེམས་ཆེན་པོ་གསུངས་ཤིང༌། ཤཱ་རིའི་བུས་སེམས་དཔའ་ཆེན་པོ་ཞེས་པའི་རྒྱུ་མཚན་སྤོང་བ་ཆེན་པོ་གསུངས་ལ། རབ་འབྱོར་གྱིས་སེམས་དཔའ་ཆེན་པོ་ཞེས་བརྗོད་པའི་རྒྱུ་མཚན་རྟོགས་པ་ཆེན་པོ་གསུངས་པ་དེ་ཉིད། རྗེ་བཙུན་བྱམས་པ་མགོན་པོས་སྐབས་འདིར་ཆེད་དུ་བྱ་བ་ཞེས་པའི་ཚིག་གིས་གསུངས་སོ། །དབུ་མ་པ་ཆེན་པོ་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱང༌། བྱང་ཆུབ་སེམས་དཔའ་ལ་ཅིའི་སླད་དུ་སེམས་དཔའ་ཆེན་པོ་ཞེས་བགྱི་ཞེས་བྱ་བ་ནི་ཅིའི་ཕྱིར་སེམས་དཔའ་ཆེན་པོའི་མིང་དུ་བརྗོད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དང༌། །སྔོན་མེད་ལེགས་བཤད་ལས། ཆེད་དུ་བྱ་བ་ནི་སྒྲུབ་པ་བྱེད་པའི་སྐབས་ཀྱི་འདོད་དོན་ཏེ། འདི་ལ་རྒྱ་བོད་ཕལ་ཆེར་སངས་རྒྱས་ཀྱི་སས་བསྡུས་པའི་སྤངས་རྟོགས་འཕྲིན་ལས་གསུམ་མམ་སྐུ་བཞིའམ།མཁྱེན་གསུམ་སོགས་ཆེན་པོ་གསུམ་དང་སྦྱོར་བ་ཞིག་སྣང་ཡང༌། དེའི་ཐད་ཀྱི་མདོ་དང་མི་མཐུན་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྒྲ་བཤད་སངས་རྒྱས་ལ་སྦྱོར་བ་ཡང༌། འཚམ་པ་ལས་འདས་པའི་བཤད་པ་ཡིན་པས། འདི་ནི་བྱང་ཆུབ་སེམས་དཔའ་ཉིད་ཀྱི་སྤྱད་པ་སྤྱོད་པའི་ཚེ། འཕྲལ་འཕྲལ་དུ་དགོས་པའི་འདོད་དོན་ཡིན་གྱི། མཐར་ཐུག་གི་ཆེད་དུ་བྱ་བ་ཁོ་ན་མ་ཡིན་ནོ། །ཞེས་པ་ནས། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་གང་སྤྱོད་ཀྱང༌། འཕྲལ་འཕྲལ་དུ་ཆེད་གཏད་སྦྱོར་དགོས་པས། ཆེད་དུ་བྱ་བ་ཞེས་བྱ་སྟེ། འཕྲལ་འཕྲལ་དུ་བྱེད་དགོས་རྒྱུའི་དོན་ནོ། །ཞེས་གསུངས་སོ། །གཉིས་པ་ཆེན་པོ་གསུམ་གྱི་གོ་དོན་ནི། སྔོན་མེད་ལེགས་བཤད་ལས། མདོ་ལས། བྱང་ཆུབ་སེམས་དཔའི་སྒྲ་བཤད་ཀྱི་དབང་དུ་མཛད་ནས། སེམས་དཔའ་དང་སེམས་དཔའ་ཆེན་པོའི་སྒྲ་བཤད་ཀྱིས་སེམས་ཆེན་པོ་དང༌། བྱང་བའི་སྒྲ་བཤད་ཀྱིས་སྤོང་བ་ཆེན་པོ་དང༌། ཆུབ་པའི་སྒྲ་བཤད་ཀྱིས་རྟོགས་པ་ཆེན་པོ་བསྟན་ཏེ། མདོ་རྒྱས་པ་ན། བཅོམ་ལྡན་འདས་ཀྱིས་སེམས་ཆེན་པོ་དང༌། ཤཱ་རིའི་བུས་སྤོང་བ་ཆེན་པོ་དང༌། རབ་འབྱོར་གྱིས་རྟོགས་པ་ཆེན་པོ་རྣམས་གསུངས་ལ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། ཅི་ཕྱིར་དེ་ནི་སེམས་དཔའ་ཆེ་ཞེས་བྱ་ཞེ་ན། །སེམས་ཅན་ཚོགས་རྣམས་མང་པོའི་མཆོག་ཏུ་གྱུར་པ་དང༌། །སེམས་ཅན་ཁམས་ཀྱི་ལྟ་རྣམས་ཆེན་པོ་གཅོད་པ་སྟེ། །དེ་ཕྱིར་འདི་ནི་སེམས་དཔའ་ཆེ་ཞེས་རབ་བརྗོད་དེ། །གཏོང་བ་ཆེ་དང་བློ་ཆེ་བ་དང་མཐུ་ཆེ་དང༌། །རྒྱལ་བ་རྣམས་ཀྱི་ཐེག་ཆེན་མཆོག་ལ་ཞུགས་པ་དང༌། །གོ་ཆ་ཆེན་པོ་བགོས་ཤིང་བདུད་ཀྱི་རྒྱུ་འདུལ་བ། །དེ་ཡི་ཕྱིར་ན་སེམས་དཔའ་ཆེ་ཞེས་བརྗོད་པ་ཡིན། །ཞེས་གསུངས་ཏེ། འཇིག་རྟེན་པ་རྣམས་དང༌། ཉན་ཐོས་དང་རང་རྒྱལ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། ཡོན་ཏན་གྱི་ཚོགས་རྣམས་ལས་ཇི་ལྟར་འོས་འོས་སུ་སྐད་ཅིག་རེ་རེ་བཞིན་མ་ཐོབ་པ་རྣམས་ཐོབ་པར་བྱེད། ཐོབ་པ་རྣམས་སྤེལ་བར་བྱེད་པའི་འཇུག་པ་སེམས་བསྐྱེད་དང་ལྡན་པས་སེམས་ཅན་གཞན་ཐམས་ཅད་ཀྱི་གཙོ་བོ་དང་མཆོག་ཏུ་གྱུར་པ་ནི་སེམས་ཆེན་པོའོ། །བདག་ཉིད་ཀྱིས་གཞན་ལ་ཆོས་བསྟན་པས། དེ་རྣམས་ཀྱི་བདག་ལྟ་དང་མཐར་ལྟ་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས། ལམ་དང་འབྲས་བུ་ལ་འཛིན་པའི་དམིགས་པའི་ལྟ་བ་ཐམས་ཅད་ཀྱང་སྤོང་བར་བྱེད་པ་ནི་སྤོང་བ་ཆེན་པོ་དང༌། སྦྱིན་པ་ཆེན་པོ་ལ་སོགས་པ་གཞན་ལ་མེད་པའི་ཁྱད་ཆོས་དཔག་ཏུ་མེད་པ་མངའ་བ་རྣམས་ལ་ཡང༌། ཆོས་དབྱིངས་ཀྱི་རང་བཞིན་རྟོགས་པའི་སྟོབས་ཀྱིས་མ་ཆགས་པ་ནི་རྟོགས་པ་ཆེན་པོ་སྟེ། རི་རབ་ལ་མངོན་པར་དམིགས་ན་ནྱ་གྲོ་དྷའི་སྡོང་པོ་ལ་ཆེ་བའི་བློ་མི་སྐྱེ་བ་བཞིན་ནོ། །ཞེས་དང༌། ཉ་ཊཱིཀ་ལས། ལྟ་བ་ཐམས་ཅད་སྤང་བའི་ཕྱིར་ཆོས་སྟོན་པར་བྱེད་པ་ནི་སྤོང་བ་ཆེན་པོ་སྟེ། ཐབས་མཁས་པས་ལྟ་བའི་རྣམ་པ་དེ་དག་སྤང་བའི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན། ཞེས་སོ། །ཚོགས་ལམ་ནས་སངས་རྒྱས་ཉིད་ཀྱི་བར་དུ་ཆགས་པ་མེད་པར་ཆོས་ཐམས་ཅད་རྟོགས་པ་རྟོགས་པ་ཆེན་པོ་སྟེ། ཞེས་དང༌། ཆེན་པོ་གསུམ་སློབ་ལམ་ནའང་ཡོད་ཅིང༌། ཞེས་གསུངས་སོ། ། གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ། ཉ་ཊཱིཀ་ལས། སྒྲུབ་པའི་ཆེད་དུ་བྱ་བ་དག་གི་མཚན་ཉིད་ནི། གང་གི་དོན་དུ་སྒྲུབ་པར་བྱེད་པའི་འབྲས་བུ་མཐར་ཐུག་སྟེ། སྡུད་འགྲེལ་དུ། སྐད་ཅིག་མ་བསྟན་ནས། དེའི་རྗེས་ལ་རྣམ་པ་ཐམས་ཅད་མངོན་དུ་བྱེད་པ་ཆེད་དུ་བྱ་བ་གསུམ་མངོན་སུམ་དུ་བྱས་ནས་རྟོགས་པ་དེ་ཉིད་ནི་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ལ་ཆོས་སྐུར་བྱང་ཆུབ་ཅེས་ཏེ་འོག་ཏུ་རྒྱས་པར་བྱའོ། །དབྱེ་ན། གཞན་དོན་སྤངས་རྟོགས་གསུམ་ཞེས་ཤེར་འབྱུང་ངོ༌། །ཞེས་དང༌། དེས་ན་འདིར་བཤད་ཆེད་དུ་བྱ་བ་ནི་ཆེན་པོ་གསུམ་གྱིས་བསྒྲུབ་བྱ་ཡིན་ཞིང་སངས་རྒྱས་ཉིད་ལ་ཟེར་བས་ཆོས་སྐུའི་བདག་ཉིད་ཀྱི་འབྲས་བུ་ཆེད་དུ་བྱ་བ་ཞེས། ཤཱནྟི་གཞོན་ནུ་དཔལ་སོགས་ཟེར་བ་འཐད་ལ་ཆེན་པོ་གསུམ་སློབ་ལམ་ནའང་ཡོད་ཅིང༌། ཁ་ཅིག་དེ་ཡོད་པས་ཆེད་དུ་བྱ་བ་སློབ་ལམ་ན་ཡོད་ཅེས་གསུང་བ་ནི། གསུམ་དང་ཆེད་དུ་བྱ་བའི་ཁྱད་མ་ཕྱེད་པར་སྣང་ཞིང༌། ཁ་ཅིག ཁྱད་མེད་དུ་བྱས་ནས་སངས་རྒྱས་ས་ཁོ་ནར་སྦྱོར་བའང་མདོ་མ་མཐོང་བར་ཟད་དོ། །ཞེས་གསུངས་པ་མི་འཐད་པར་ཐལ། སྐབས་འདིའི་ཆེད་དུ་བྱ་བ་ལ་མཐར་ཐུག་གི་ཡོན་ཏན་ཞིག་མི་དགོས་པའི་ཕྱིར། དེར་ཐལ། མདོ་ལུགས་མའི་ལུང་སྔར་བཀོད་དེ་དག་དང༌། ཡང་དེ་ལས། སྐབས་དང་པོ་འདིར་ཆེད་དུ་བྱ་བ་མི་གཅིག་པ་གསུམ་བསྟན་པ་ལ། སྔར་ནི་ཆེན་པོ་གསུམ་གྱི་ཆེད་དུ་བྱ་བ་ནི་སེམས་དཔའ་ཆེན་པོ་ཡིན་ལ་འཇུག་སྒྲུབ་ཀྱི་སྐབས་སུ་བསྒོམ་པ་རྣམ་པར་གཞིག་པའི་ཆེད་དུ་བྱ་བ་ནི་ནང་སྟོང་པ་ཉིད་ལ་སོགས་པ་བསྒོམ་པ་ཡིན་ཞིང༌། འདིར་ནི་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བའི་ཆེད་དུ་བྱ་བ་ནི་ངེས་འབྱུང་སྒྲུབ་པའི་ངོ་བོ་ཐེག་ཆེན་ལ་ཐེག་པ་ཆེན་པོ་ཞེས་པ་འདི་ཡིན་ནོ། །འདི་དག་གི་ཁྱད་པར་མ་ཕྱེ་ན་མདོ་དང་འགལ་བར་འགྱུར་རོ། །ཞེས་དང༌།ཉ་ཊཱིཀ་ལས། རྩ་བ་ནི། གང་གི་དོན་དུ་ཚོགས་གཉིས་བསྐྱེད་ཅིང་སོག་པ་ནི་ཆེད་དུ་བྱ་བ་སྟེ་འདི་ཤེས་པར་བྱའོ། །ཞེས་གསུངས་སོ། །དེས་ན་ཉ་ཊཱིཀ་ལས་ཆེད་དུ་བྱ་བའི་མཚན་ཉིད་གསུངས་པ་དེ་ནི་སྡུད་འགྲེལ་ལྟར་བཤད་པ་ཡིན་པར་སྣང་ངོ༌། །ཆེད་དུ་བྱ་བ་ལ་རྟག་དངོས་གཉིས་དང༌། གཟུགས་ཤེས་ལྡན་མིན་གསུམ་ཡོད་དམ་བརྟག་པར་བྱའོ། །གོང་དུ་བཀོད་པ་ལྟར་མདོ་ལུགས་མའི་ཚིག་ཟིན་ལ་ཆེད་དུ་བྱ་བ་ནི་སེམས་དཔའ་ཆེན་པོ་ལ་སྦྱར་བ་དང༌།སྔོན་མེད་ལེགས་བཤད་ལས། ཆེད་དུ་བྱ་བ་ནི་སྒྲུབ་པར་བྱེད་པའི་སྐབས་ཀྱི་འདོད་དོན་ལ་བཤད་པ་དང༌། ཉ་ཊཱིཀ་གི་ཚིག་ཟིན་ལ་འདིར་བཤད་ཆེད་དུ་བྱ་བ་ནི་ཆེན་པོ་གསུམ་གྱིས་བསྒྲུབ་བྱ་ཡིན་ཞིང་སངས་རྒྱས་ཉིད་ལ་བཤད་པ་དེ་དག་གི་དགོངས་པ་འགལ་མེད་དུ་སྒྲུབ་པ་ལ་འབད་པར་བྱ་རྒྱུ་ཡོད་མེད་དཔྱད་པར་བྱའོ། ། |