གསུམ་པ་ལོངས་སྐུ་དང་སྤྲུལ་སྐུ་ལ་བདེན་གཉིས་སུ་དབྱེ་བ།

གསུམ་པ་ལོངས་སྐུ་དང་སྤྲུལ་སྐུ་ལ་བདེན་གཉིས་སུ་དབྱེ་བ་ནི།

འདིར་ལོངས་སྤྱོད་རྫོགས་པ་དང་སྤྲུལ་བའི་སྐུ་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་ན་ཐུབ་པའི་བཀའ་ལ་མི་རྨོངས་པར་འགྱུར་རོ། །དེ་ལ་གཟུགས་སྐུ་རྣམ་པ་གཉིས་ནི་ཀུན་རྫོབ་ཀྱི་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་བའི་སྐུ་སྟེ་ཐུན་མོང་དུ་རབ་ཏུ་གྲགས་པའོ། །དོན་དམ་པའི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་བའི་སྐུ་ནི་ཆོས་ཉིད་ཡོངས་གྲུབ་དེ་བཞིན་ཉིད་ལ་ཚང་སྟེ། དེ་བཞིན་ཉིད་ནི་མཐར་ཐུག་དོན་དམ་གྱི་སྐུ་བཞི་སོགས་ཡིན་ནོ། །དེས་ན་བདེ་གཤེགས་སྙིང་པོ་དྲང་དོན་ཡིན་ན་དོན་དམ་གྱི་སྐུ་བཞི་ལ་སོགས་པ་དེ་རྣམས་ཀྱང་དྲང་དོན་ཡིན་པར་འགྱུར་ཞིང༌། ཆོས་ཉིད་ཡོངས་གྲུབ་དེ་བཞིན་ཉིད་ཀྱང་དྲང་དོན་ཡིན་པར་འགྱུར་ཏེ། དེ་དག་ཐམས་ཅད་དོན་གཅིག་པའི་ཕྱིར་རོ། །དེ་བཞིན་ཉིད་ལས་དོན་གཞན་དུ་གྱུར་པའི་བདེ་གཤེགས་སྙིང་པོ་ནི་འཕགས་མཆོག་རྣམས་ཀྱིས་མ་གསུངས་ཤིང༌། ཁོ་བོ་ཅག་ཀྱང་མི་འདོད་ལ། མིང་གཞན་ནི་ཤིན་ཏུ་མང་བར་གསུངས་པའི་ཕྱིར་མིང་ལས་འཁྲུལ་བར་མི་བྱ་སྟེ། དོན་ལ་རྟོན་པ་ཉིད་ལས་སོ། །