སྔགས་ཀྱི་རྒྱུད་སྡེ།སྔགས་ཀྱི་རྒྱུད་སྡེ་ནི། སྡེ་སྣོད་གསུམ་ལས་གང་ཡིན་ཞེ་ན། ཀུན་མཁྱེན་ཕྱོགས་རྒྱལ་བ་ཆེན་པོའི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བཤད་པ་ལ་འཇུག་པའི་ཡན་ལག་རྣམ་པར་བཞག་པ་ངོ་མཚར་རྟོགས་བརྗོད་ལས། སྟོན་པའི་བསྟན་པ་ཐམས་ཅད་རྗོད་བྱེད་སྡེ་སྣོད་གསུམ་དུ་འདུས་དགོས་པས། སྔགས་ཀྱི་རྒྱུད་སྡེ་རྣམས་སྡེ་སྣོད་གསུམ་པོ་གང་ཡིན་སྙམ་ན། སློབ་དཔོན་ཨརྱ་དེ་བ་ནི་རྒྱུད་སྡེ་རྣམས་རིག་པ་འཛིན་པ་སྡེ་སྣོད། ཅེས་པ་སྡེ་སྣོད་བཞི་པ་ཡིན་པར་བཞེད་དེ། དཔུང་བཟང་གིས་ཞུས་པ་ལས། ལྷ་དང་ལྷ་མི་རྣམས་ལ་ཕན་གདགས་ཕྱིར། །གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས། །ཞེས་འབྱུང་བ་དང་མཐུན་ནོ། །སློབ་དཔོན་ཤནྟི་པ་ནི་གསང་སྔགས་ནི་ཟབ་མོའི་དོན་བསྡུས་ཏེ་སྟོན་པས་མདོ་སྡེ་འོ། །ཞེས་བཞེད་ཅིང༌། དཔུང་བཟང་གིས་ཞུས་པ་ལས་ཀྱང༌། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན། ཞེས་པ་དང༌། མདོ་སྡེ་འདི་ནི་ཉན་བྱེད་ན། །ཞེས་སོགས་རྒྱུད་མང་པོ་ལས་མདོ་ཞེས་བཤད་པ་ཡང་ཡོད་དོ། །སློབ་དཔོན་ཨ་བྷ་ཡ་ནི། སྔགས་ཀྱིས་བསླབ་པ་གསུམ་ག་སྟོན་པས་སྡེ་སྣོད་གསུམ་ཀའོ་ཞེས་ཀྱང་བཞེད་ལ། ཁ་ཅིག་གསང་སྔགས་ནང་གི་མངོན་པ་ཡིན། ཞེས་འདོད་པ་ཡང་ཡོད་མོད། སློབ་དཔོན་ཨརྱ་དེ་བ་བཞེད་པ་ལྟར་ཡིན་ནམ་སྙམ་མོ། །ཞེས་དང༌། རྗེ་བཙུན་གྱི་རྒྱུད་སྡེ་བཞིའི་ཟིན་བྲིས་ལས། སྤྱིར་མདོ་སྡེ་དང༌། རྒྱུད་སྡེ་ཞེས་པ་དང༌། མདོ་རྒྱུད་ཅེས་པ་འགལ་བ་ནི་མ་ཡིན་ཏེ། གསང་སྔགས་ཀྱི་རྒྱུད་སྡེ་ཐམས་ཅད་ཀྱང་མདོ་སྡེ་ཡིན་པ་དང༌། ཆ་ཤས་ཙམ་སྟོན་པའི་དབང་དུ་བྱས་ནས། སྡེ་སྣོད་གསུམ་ཆར་དུ་གཏོགས་པ་དང༌། རིག་པ་འཛིན་པའི་སྡེ་སྣོད་ཅེས་ཀྱང་བྱ་བ་ཡིན་ཏེ། དེ་ཡང་སློབ་དཔོན་ཤནྟི་པས་ཟབ་མོའི་དོན་བསྡུས་ཏེ་སྟོན་པས་མདོ་སྡེའོ། །ཞེས་པ་དང༌། དཔུང་བཟང་ལས། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན། །ཞེས་པ་དང༌། མདོ་སྡེ་འདི་ནི་ཉན་བྱེད་ན། །ཞེས་དང༌། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་སོགས་རྒྱུད་མང་པོ་ལ་མདོ་སྡེའི་མཚན་ཡོད་པའང་མང་དུ་འབྱུང་ངོ༌། །སློབ་དཔོན་ཨ་བྷ་ཡཱ་ཀ་ར་ནི་གསང་སྔགས་བསླབ་པ་གསུམ་ཀ་སྟོན་པས་སྡེ་སྣོད་གསུམ་ཀའོ། །ཞེས་པ་དང༌། སློབ་དཔོན་ཨརྱ་དེ་བ་ནི། རྒྱུད་སྡེ་རྣམས་རིག་པ་འཛིན་པའི་སྡེ་སྣོད་ཅེས་པ་སྡེ་སྣོད་བཞི་པ་ཡིན་ནོ། །ཞེས་དང༌། དཔུང་བཟང་ལས། ལྷ་དང་ལྷ་མིན་རྣམས་ལ་ཕན་གདགས་ཕྱིར། །གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས། །ཞེས་གསུངས་སོ། །དེས་ན་མདོ་དང་བསྟན་བཅོས་ཙམ་གྱི་དབང་དུ་བྱས་ན་མུ་བཞི་བརྩིར་ཡོད་པ་ཡིན་ཏེ། མདོ་ཡིན་ལ་རྒྱུད་མ་ཡིན་པ་ནི། གཅིག་ལ་འཕྲོས་པ་ལ་སོགས་པ་ཕལ་ཆེ་བ་དེ་དག་དང༌། རྒྱུད་ཡིན་ལ་མདོ་མ་ཡིན་པ་ནི། མཁའ་ལྡིང་གི་སྦྱོར་བ་ལ་སོགས་པ་དང༌། མདོ་ཡང་མ་ཡིན་ལ་རྒྱུད་ཀྱང་མ་ཡིན་པ་ནི་རྟོག་གེ་ལ་སོགས་པའོ། །ཞེས་གསུངས་པ་ལྟར་ལེགས་སོ། །ལམ་སྟོན་བྱེད་ཀྱི་གཞུང་གི་ཚོགས་ངེས་པར་བྱ་བའི་ཕྱིར་དུ་རྗོད་བྱེད་ཚིག་གི་རྒྱུད་མདོར་བསྟན་པ་ནི། རྒྱུད་སྡེ་སྤྱིའི་རྣམ་བཞག་གི་ཟིན་བྲིས་ལས། དང་པོ་ལ་རྗོད་བྱེད་ཚིག་གི་རྒྱུད་ངོས་བཟུང་བ་དང༌། དེའི་དབྱེ་བ་ཅུང་ཟད་བཤད་པ་དང༌། གསང་སྔགས་ཀྱི་ཐེག་པ་ཇི་ལྟར་བྱུང་བའི་ཚུལ་གསུམ་ལས། དང་པོ་ནི། གོང་དུ་བཤད་པ་ལྟར་རིག་པ་འཛིན་པའི་སྡེ་སྣོད་རྣམས་སོ། ། གཉིས་པ་ནི། འོག་ཏུ་འཆད་པ་ལྟར་གཙོ་བོ་རྒྱུད་སྡེ་བཞི་པོ་རྣམས་ཡིན་མོད་ཀྱི། རྒྱུད་སྡེ་ཐམས་ཅད་བསྡུ་ན། རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་གཉིས་སུ་འདུ་བ་ཡིན་ལ། ཡང་ན་རྩ་བའི་རྒྱུད་དང༌། ཕྱི་མའི་དང༌། བཤད་པའི་དང༌། ཆ་མཐུན་གྱི་དང༌། འཕྲོས་པའི་རྒྱུད་དེ་ལྔའོ། །ཡང་མདོ་དང༌། རྟོག་པ་དང༌། ཆོ་ག་ཞིབ་མོ་དང༌། གཟུངས་ཏེ་བཞི་དང༌། དེ་དག་གི་ཟླས་ཕྱེ་བའི་རྩ་བའི་རྒྱུད་དེ་ལྔར་དབྱེ་བ་ལ་སོགས་པ་ཡོད་དོ། །གསུམ་པ། སྔགས་ཀྱི་ཐེག་པ་ཇི་ལྟར་བྱུང་བའི་ཚུལ་ནི། འདི་ལ་ཆེས་སྔ་རབས་པ་རྣམས། དཔལ་སྡོམ་པའི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་དུ་གྲགས་པ་དེ། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ནས། །དཔལ་ཞེས་བྱ་བའི་རི་བོ་ལ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །ལག་ན་རྡོ་རྗེ་སྣང་བར་བྱེད། །མི་ལ་སྐལ་ལྡན་དམ་པ་རྣམས། །བྱང་ཆུབ་མཆོག་ཏུ་འགྲུབ་འགྱུར་བས། །དེ་ལ་རྟག་ཏུ་གུས་པར་བྱོས། །ཞེས་སྟོན་པ་མྱ་ངན་ལས་འདས་ནས། ལོ་ཉི་ཤུ་རྩ་བདུན་ན། རྒྱལ་པོ་ཛ་ཧིའི་ཁང་སྟེང་དུ་སྔགས་ཀྱི་མདོ་སྡེ་རྣམས་བབ་པར་འདོད་པ་དང༌། ཡང་སྟོན་པ་མྱ་ངན་ལས་འདས་ནས། ལོ་བརྒྱ་དང་ཉི་ཤུ་ན། རྒྱལ་པོ་ཛ་ཧིའི་ཁང་སྟེང་དུ། སྔགས་ཀྱི་སྡེ་སྣོད་བབ་པར་འདོད་པ་དང༌། ཡང་ཁ་ཅིག་རྒྱལ་པོ་རབ་གསལ་ཟླ་བའི་ཁྱིམ་དུ་བྱུང་བར་འདོད་པ་དང༌། དུས་ཀྱི་འཁོར་ལོ་ནི། སྟོན་པས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་སྔགས་ཀྱི་ཐེག་པ་གསུངས་ཤིང༌། དེ་ཡང་ལྷ་ལ་སོགས་པའི་འགྲོ་བ་གཞན་རྣམས་ཀྱི་སྤྱད་བྱར་གྱུར་ཅིང༌། རེ་ཞིག་འཛམ་བུ་གླིང་པའི་མི་རྣམས་ལ་མི་སྣང་བ་དང༌། འོན་ཀྱང་ཤམྦྷ་ལ་ལ་སོགས་པའི་ཡུལ་ཁྱད་པར་ཅན་འགའ་ཞིག་ཏུ་དར་བ་ཡིན་ནོ། །གཞན་ཡང་རྒྱུད་སྡེ་སོ་སོ་ནས་གྲུབ་པའི་སློབ་དཔོན་སོ་སོས་སྤྱན་དྲངས་པའི་ལོ་རྒྱུས་ཀྱང་ཡོད་པ་ཐམས་ཅད་ཀྱང་མི་འཐད་པ་མེད་དོ། །འོན་ཀྱང་རང་ལུགས་ཀྱི་རྣམ་པར་བཞག་པ་ལ་གཉིས་ཏེ། སྤྱིར་གསང་སྔགས་ཀྱི་ཐེག་པ་ཇི་ལྟར་བྱུང་ཚུལ་དང༌། བྱེ་བྲག་ཏུ་འོ་སྐོལ་གྱི་སྟོན་པས་གསུང་ཚུལ་ལོ། ། དང་པོ་ནི། རྡོ་རྗེ་འཆང་གིས་དབུགས་དབྱུང་བ་དང༌། རིགས་ལྔའི་དབུགས་དབྱུང་བའི་དཀྱིལ་འཁོར་སྤྲུལ་ཞིང་བཤད་པ་མཛད་པ་རྣམས་ཏེ། སྒྲོལ་མ་འབྱུང་བའི་རྒྱུད་ལས། དབུགས་དབྱུང་རྣམ་པ་གཉིས་བསྟན་ཏོ། །འདི་ལ་དང་པོར་རྡོ་རྗེ་སེམས། །ཕྱི་ནས་དེ་བཞིན་གཤེགས་པའོ། །འདས་པའི་དུས་ན་སྔོན་བྱུང་བ། །རྡོ་རྗེ་སེམས་དཔའ་ལྷག་པའི་ལྷ། །སངས་རྒྱས་བདག་ཉིད་རྣམ་བསྡུས་ནས། །རིག་མ་བཙུན་མོ་རྣམ་པར་རོལ། །ཆོས་འབྱུང་ནམ་མཁའི་ཁམས་གནས་པ། །ཡེ་ཤེས་རྒྱ་མཚོའི་རྣམ་རོལ་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །མ་ལུས་ལུས་པ་མེད་པར་བསྐྱེད། །བདག་ཉིད་བདེ་བ་ཆེ་རང་བཞིན། །སེམས་ཅན་ཁམས་ལ་རྗེས་ཞུགས་པས། །ཐམས་ཅད་བདེ་ཆེན་བྱང་ཆུབ་ཐོབ། །བདེ་བས་མངོན་པར་ཞེན་རྣམས་ལ། །སངས་རྒྱས་རྣམས་ཀྱིས་སྟོང་ཉིད་བསྟན། །དེ་དེས་གྲངས་མེད་མངོན་བྱང་ཆུབ། །ཕྱིས་ནས་སྟོང་པར་མངོན་ཞེན་རྣམས། །ཐམས་ཅད་དམྱལ་བར་ལྷུང་གྱུར་པས། །རྒྱལ་བ་རྟག་པ་རྣམ་སྤྲུལ་ཏེ། །དབུ་མ་ལ་ནི་རྣམ་པར་གཞག །རང་དང་གཞན་དོན་ཆེར་བསྒྲུབས་པས། །དཔག་ཡས་མཆོག་ཏུ་དགྲོལ་བར་བྱས། །ཀུན་རྫོབ་རྗེས་ཞུགས་ངར་འཛིན་ཅན། །རྣམ་རྟོག་དུ་མས་རྣམ་དཀྲུགས་ནས། །དེ་དག་གཞན་གྱི་བསམ་པ་ཀུན། །རྫོགས་བྱེད་བྱ་བ་མཆོག་ལ་བསྐུལ། །རིན་ཆེན་ཉི་མ་རྣམ་སྤྲུལ་པས། །དེ་དག་བླ་མེད་བྱང་ཆུབ་ལ། །མཆོག་ཏུ་དགའ་བས་གཞོལ་བར་འགྱུར། །གཞན་ལས་རྗེས་སུ་ཆགས་ལྡན་པ། །དེའི་ཚེ་འདོད་ཆགས་ཀྱིས་བཅིངས་པ། །པདྨ་གར་དབང་རྣམ་སྤྲུལ་ཏེ། །འདོད་ཆགས་བདེ་བའི་ལམ་གྱིས་ནི། །བརྗོད་མེད་འགྲོ་བ་མངོན་བྱང་ཆུབ། །ཕྱི་ནས་བདེ་བ་ཆགས་ལྡན་རྣམས། །ལེ་ལོས་མང་པོར་ཉམས་གྱུར་ནས། །བློ་ངན་འཇིག་རྟེན་རྣམ་པར་འཁྲུགས། །རྟ་མཆོག་རྒྱལ་པོར་རང་སྤྲུལ་ཏེ། །སེམས་ཅན་བརྩོན་འགྲུས་གནས་ལ་བཞག །བྱི་བོ་རྐུན་པོ་དགྲ་ལ་སོགས། །རང་རང་ཚུལ་གྱིས་མངོན་སྤྲུལ་པས། །ཐམས་ཅད་རྡོ་རྗེའི་གནས་ལ་བཞག །བརྩོན་ལྡན་སྤྱོད་པ་སྣ་ཚོགས་པས། །ཤིན་ཏུ་ཁྲོ་གཏུམ་གདུག་པ་ཅན། །རབ་འཕྲོས་ཧེ་རུ་ཀར་སྤྲུལ་པ། །དྲག་ཤུལ་གསོད་ལ་དགྱེས་པར་གྱུར། །སྲིན་པོ་གནོད་སྦྱིན་འབྱུང་པོ་གདོན། །མ་མོ་བཅོམ་བྱས་རིག་སྔགས་དང༌། །རྫས་དང་མཚོན་ཆ་འཁྲུལ་འཁོར་དང༌། །སྨན་གྱིས་ཀྱང་ནི་ཐམས་ཅད་བཅོམ། །ཞེ་སྡང་གདུག་རྣོན་ཞི་བའི་ཕྱིར། །སླར་ཡང་བདེ་ཆེན་མགོན་པོ་ལ། །མ་འོངས་དུས་ནས་རབ་འཇུག་སྟེ། །དབུགས་དབྱུང་དཀྱིལ་འཁོར་དམ་པའོ། །འདིར་ནི་དོན་དམ་ཀུན་རྫོབ་སྟེ། །ལོངས་སྤྱོད་རྫོགས་དང་སྤྲུལ་པ་ཞེས། །གཞན་ནི་རྒྱུ་དང་འབྲས་བུ་སྟེ། །དབུགས་དབྱུང་གཉིས་སུ་བསྟན་པའོ། །འདིར་ཡང་དོན་དམ་རྣམ་པ་གཉིས། །བདེ་བ་ཆེ་དང་དེ་ཉིད་དོ། །ཀུན་རྫོབ་གཉིས་ཀྱང་འཇིག་རྟེན་དང༌། །དཀྱིལ་འཁོར་ཞེས་ནི་རེ་ཞིག་བཞག །ཅེས་གསུངས་ཤིང༌། གཞན་ཡང༌། དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གི་རྒྱུད་དང༌། རྡོ་རྗེ་མཁའ་འགྲོ་ལ་སོགས་པ་ནས་གསུངས་པ་བཞིན་ཤེས་པར་བྱའོ། །འདི་ལ་དཔྱད་པར་བྱ་བ་ལ། །མཚན་བརྗོད་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་སོགས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་གསང་སྔགས་གསུངས་པར་བཤད་པ་དང༌། གསང་བ་འདུས་པ་སོགས་ལས། གསང་སྔགས་འོ་སྐོལ་གྱི་སྟོན་པའི་ཁྱད་ཆོས་སུ་བཤད་པ་མི་འདྲ་བ་མང་པོ་ཡོད་པ་དེ་རྣམས་ཇི་ལྟར་དྲང་ཞེ་ན། རྒྱལ་སྲས་འཕགས་པ་རྣམས་དང༌། ལྷ་ཀླུ་གནོད་སྦྱིན་ལ་སོགས་པའི་འཁོར་གྱི་དཀྱིལ་འཁོར་དུ་ནི། དུས་གསུམ་གྱི་སྤྲུལ་པའི་སྐུ་ཐམས་ཅད་ཀྱིས་གསང་སྔགས་གསུངས་པ་ཡིན་ལ། མིའི་འཇིག་རྟེན་དུ་ནི། སྨོན་ལམ་གྱི་ཁྱད་པར་མཆོག་དང་ལྡན་པའི་འོ་སྐོལ་གྱི་སྟོན་པ་སོགས་འགའ་ཞིག་ཙམ་མ་གཏོགས། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ལ་གསང་སྔགས་འབྱུང་བ་མ་ཡིན་ནོ། །དེ་ལ་ཁ་ཅིག་སྤྲུལ་པའི་སྐུས་གསང་སྔགས་གསུངས་པ་དང༌། ཤཱཀྱ་སེངྒེས་གསང་སྔགས་གསུངས་ཞེས་པའི་ཚིག་ལ་འཁྲུལ་ཏེ། དཀྱིལ་འཁོར་སྤྲུལ་ཞིང་བཤད་པ་མཛད་པ་ཞེས་པའི་རྣམ་དབྱེ་མ་ཆགས་པར། སྤྲུལ་པའི་སྐུ་ཆགས་བྲལ་གྱི་རྣམ་པ་ཅན་གྱིས་གསང་སྔགས་གསུངས་པར་འདོད་པ་སོགས་ནི། མུན་སྤྲུལ་དུ་ཤེས་པར་བྱའོ། །གཉིས་པ་ལ། མིའི་འཇིག་རྟེན་དུ་ནི། སྡེ་སྣོད་ཀྱི་སྔ་རོལ་ཏུ་ཡང་གསང་སྔགས་ཀྱི་ཐེག་པ་གསུངས་པ་ཡིན་ཏེ། བདུད་བཏུལ་བའི་ཚེ། གཤིན་རྗེ་གཤེད་ཀྱི་རྒྱུད་འབུམ་པ་གསུངས་པར་བཤད་པ་བཞིན་ནོ། །དེ་ཡང་འོ་སྐོལ་གྱི་སྟོན་པའི་སྐུ་ཚེའི་ཐོག་མཐའ་བར་མའི་གནས་སྐབས་སྣ་ཚོགས་སུ་གསང་སྔགས་གསུངས་པ་ཡིན་པ་ལས། བྱ་བའི་རྒྱུད་རྣམས་ནི། གླེང་གཞི་ནས་འབྱུང་བ་ལྟར། ལྷ་དང་མིའི་གནས་སོ་སོར་གསུངས་པ་དང༌། སྤྱོད་པའི་རྒྱུད་དང༌། རྣལ་འབྱོར་རྒྱུད་ཀྱང༌། འོག་མིན་དང༌། གཞན་འཕྲུལ་དབང་བྱེད་དང༌། རི་རབ་ཀྱི་རྩེ་མོ་ལ་སོགས་པར་གསུངས་པ་གླེང་གཞི་ལས་ཤེས་ལ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཕལ་ཆེར་ནི་ལྷ་དང་མིའི་འཇིག་རྟེན་དུ་གསུངས་པ་ཉུང་སྟེ། སངས་རྒྱས་ཉིད་ཀྱི་བྱིན་གྱིས་བརླབས་པའི་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་བཙུན་མོའི་བྷ་ག་ཆོས་ཀྱི་འབྱུང་གནས་སམ། ཆོས་ཀྱི་དབྱིངས་སུ་གསུངས་པ་ཡིན་ནོ། །དེ་ལྟ་བུའི་ཆོས་ཀྱི་འབྱུང་གནས་དེ་ཡང༌། སངས་རྒྱས་རང་སྣང་གིས་བསྡུས་པའི་ཞིང་འོག་མིན་སྟུག་པོ་བཀོད་པ་ལས་གཞན་དུ་བསམ་པར་མི་བྱའོ། །བླ་མེད་ཀྱི་རྒྱུད་འགའ་ཞིག་ནི། ཨུ་རྒྱན་རྡོ་རྗེའི་གནས་དང༌། སུམ་ཅུ་རྩ་གསུམ་གྱི་གནས་དང༌། དཔལ་ལྡན་འབྲས་སྤུངས་སུ་གསུངས་པའང་ཡོད་དོ། །དེ་ལྟར་སྟོན་པས་གསང་སྔགས་ཀྱི་ཐེག་པ་མཐའ་དག་གསུངས་ནས། མཐར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའམ། རྒྱལ་པོ་ཨིནྡྲ་བྷུ་ཏི་ཆེན་པོ་ལ་གཏད་པར་གྲགས་སོ། །དེས་ན་སྔགས་ཀྱི་ཐེག་པའི་རྒྱུད་བསྡུ་བ་པོ་ནི། གསང་བའི་བདག་པོ་ཉིད་ཡིན་ཞིང། ལྷ་ཀླུ་གནོད་སྦྱིན་མཐུ་བོ་ཆེ་རྣམས་ཀྱིས་གནས་ན་རྒྱུད་རྒྱས་པ་རྣམས་ཀྱང་བཞུགས་ལ། དཔལ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་རྣལ་འབྱོར་ཕྱི་ནང་གི་རྒྱུད་མང་པོ་ཞིག་ནི་ལྷའི་གནས་ནས་མིའི་ཡུལ་དུ་བྱོན་པར་གྲགས་ཤིང༌། བླ་མེད་ཀྱི་རྒྱུད་ཕལ་ཆེར་ནི་ཨོ་རྒྱན་རྡོ་རྗེའི་གནས་ཧེ་རུ་ཀ་རང་བྱུང་གི་གཙུག་ལག་ཁང་ནས་གྲུབ་པའི་སློབ་དཔོན་སོ་སོས་སྤྱན་དྲངས་པ་དང༌། དུས་ཀྱི་འཁོར་ལོ་ལ་སོགས་པའི་རྒྱུད་སྡེ་འགའ་ཞིག་ནི་ཤམྦྷ་ལ་ནས་སྤྱན་དྲངས་པ་ཡང་ཡོད་དོ། །འོ་ན་གསང་སྔགས་ཀྱི་ཐེག་པ་འདི་དུས་ནམ་གྱི་ཚེ་ན་དར་བར་གྱུར་སྙམ་ན། འདི་ལ་བཀའ་བསྡུ་བ་གསུམ་པ་མཛད་པ་ཡན་ཆོད་དུ་ནི། ཐེག་པ་ཆེན་པོའི་མདོ་རྒྱུད་ཉི་ཚེ་བ་ཙམ་ལས་གསལ་བར་དར་བ་མེད་ལ། དེའི་འོག་ཏུ་རིང་པོར་མ་ལོན་པར། ལྷ་དང་ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། སྲིན་པོ་རྣམས་ཀྱིས་གནས་ན། ཐེག་པ་ཆེན་པོའི་མདོ་རྒྱུད་དཔག་ཏུ་མེད་པ་བཞུགས་པ་རྣམས་ཡི་གེར་བྲི་བ་སོགས་རྩོལ་བ་ལ་མ་ལྟོས་པར། སྤྲུལ་པའི་ཚུལ་གྱིས་འཇིག་རྟེན་དུ་ཅིག་ཅར་དུ་བྱུང་བ་ཡིན་ནོ། །བྱ་སྤྱོད་ཀྱི་རྒྱུད་རྣམས་ནི་ཐེག་པ་ཆེན་པོ་དར་བ་དང་དུས་མཚུངས་ཤིང༌། གོང་དུ་བཤད་པའི་ལྷ་ཡུལ་ནས་འབྱུང་བའི་རྣལ་འབྱོར་ཕྱི་ནང་གི་རྒྱུད་རྣམས་ཀྱང་དུས་དེ་ཉིད་ཀྱི་དར་བ་ཡིན་ནོ། །ཤེར་ཕྱིན་འབུམ་པ་ལ་སོགས་པའི་མདོ་སྡེ་འགའ་ཞིག་དང༌། གསང་སྔགས་ཀྱི་རྒྱུད་སྡེ་འགའ་ཞིག་ནི་ཕྱི་ནས་རིམ་གྱིས་དར་བ་དང༌། ཐམས་ཅད་ཀྱི་ཐ་མར་འབྱུང་བ་ནི། དུས་ཀྱི་འཁོར་ལོ་ཡིན་པར་གྲགས་སོ། །ཞེས་གསུངས་པའོ། ། |