ལོག་པར་སྒྲུབ་པ།


DTG081_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོ་ལ་དོན་བརྒྱད་ཀྱིས་བསྟན་པའི་ཐ་མ་ལོག་པར་སྒྲུབ་པ་ལ་བཅུ་དྲུག་ཏུ་ཕྱེ་བའི་དང་པོ་འདུས་བྱས་དང་འདུས་མ་བྱས་དག་དངོས་པོ་མེད་པ་ཉིད་ཀྱིས་དམིགས་པ་འཐད་པ་ཡང་མདོ་ལས། གསོལ་པ། བཅོམ་ལྡན་འདས་ཅི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཁོ་ན་དངོས་པོ་མ་མཆིས་པ་ལགས་སམ། འོན་ཏེ་གཟུགས་ཀྱང་དངོས་པོ་མ་མཆིས་ཤིང་ཞེས་པ་མན་ཆད་ཀྱིས་བསྟན། གཉིས་པ་རྣམ་པ་ཐམས་ཅད་དུ་རང་བཞིན་མེད་པའི་ཕྱིར་དམིགས་པའི་ངོ་བོ་ཉིད་ངེས་པར་བཟུང་བ་ཡང་མདོ་ལས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ངོ་བོ་ཉིད་མེད་དོ། །རབ་འབྱོར་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་པའི་ཕྱིར་རོ་ཞེས་པ་ལ་སོགས་པས་བསྟན། གསུམ་པ་དངོས་པོ་དང་དངོས་པོ་མེད་པ་མི་དམིགས་པས་རྣམ་པ་ཐམས་ཅད་མཁྱེན་བའི་ཡེ་ཤེས་ཀྱང་མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ལ་སྤྱོད་པ་དེ་སྲིད་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། ཞེས་པ་ལ་སོགས་པས་བསྟན། བཞི་པ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཀུན་རྫོབ་དང༌། དོན་དམ་པའི་བདེན་པ་གཉིས་ཀྱང་མདོ་ལས།


DTG081_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཀུན་རྫོབ་ཉེ་བར་བཟུང་སྟེ་དངོས་པོ་ཡོད་པ་ཞེས་བྱ་བ་འམ། དངོས་པོ་མེད་པ་ཞེས་སྟོན་གྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་པ་ལ་སོགས་པས་བསྟན། ལྔ་པ་སྦྱིན་པ་ལ་སོགས་པ་མི་དམིགས་པར་སྦྱོར་བ་ཡང་མདོ་ལས། ལེའུ་དྲུག་ཅུ་ལྔ་པའི་ཀླད་ནས། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བགྱི་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བགྱི་བ་དེ་གང་གི་ཚིག་བླ་དགས་ལགས་ཞེས་པ་ལ་སོགས་པས་བསྟན། དྲུག་པ་རྟོགས་པར་བྱ་བ་མེད་པས་སངས་རྒྱས་དཀོན་མཆོག་ཀྱང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་ཞེས་བགྱི་ན། བཅོམ་ལྡན་འདས་སངས་རྒྱས་ཞེས་བགྱི་བ་དེ་གང་གི་ཚིག་བླ་དགས་ལགས་ཞེས་པ་ལ་སོགས་པས་བསྟན། བདུན་པ་མིང་ཙམ་དུ་བཏགས་པར་ཟད་པས་ཆོས་དཀོན་མཆོག་ཀྱང་མདོ་ལས། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིས་པ་དང༌། དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བགྱིད་པ་དང༌། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པས་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་ལགས་ཞེས་པ་ནས། གཏན་ལ་ཕབ་པར་བསྟན་པའི་སྡེ་གང་ཡིན་པ་དེ་དག་ཐམས་ཅད་ཅེས་པའི་བར་གྱིས་བསྟན། བརྒྱད་པ་གཟུགས་ལ་སོགས་པར་དམིགས་པ་བཀག་པས་དགེ་འདུན་དཀོན་མཆོག་ཀྱང་མདོ་ལས་ཡོངས་སུ་འཛིན་ཏེ། བཟུང་ནས་ཀྱང་ཚིག་གིས་ཡོངས་སུ་འདྲིས་པར་བྱས་ནས་ཡིད་ཀྱིས་རྗེས་སུ་རྟོག་པར་བྱེད་ལ་ལྟ་བས་ཤིན་ཏུ་རྟོག་པར་བྱེད་ཅིང་གཟུངས་ཐོབ་པར་འགྱུར་རོ་ཞེས་པ་མན་ཆད་ཀྱིས་བསྟན། དགུ་པ་སྦྱིན་པ་ལ་སོགས་པ་མི་


DTG081_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པས་ཐབས་ལ་མཁས་པ་ཡང་མདོ་ལས། ལེའུ་དྲུག་ཅུ་རྩ་དྲུག་པའི་ཀླད་ནས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་མི་བགྱིད་ཅིང་དགེ་བའི་རྩ་བདག་ཀྱང་མི་སྐྱེད་ལ་ཞེས་པ་ལ་སོགས་པས་བསྟན། བཅུ་པ་དངོས་པོ་དང་དངོས་པོ་མེད་པར་རྟོག་པ་བཀག་པས་དེ་བཞིན་གཤེགས་པའི་མངོན་པར་རྟོགས་པ་ཡང་མདོ་ལས། ལེའུ་དྲུག་ཅུ་རྩ་དགུ་པའི་སྟོད་ནས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཆོས་འདི་དག་གི་ངོ་བོ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་ཕྱིར་རོ། །རབ་འབྱོར་དངོས་པོ་མེད་པས་ནི་དངོས་པོ་མེད་པ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ་ཞེས་པ་ལ་སོགས་པས་བསྟན། བཅུ་གཅིག་པ་སྤྲོས་པ་རྣམ་པར་གཞག་པའི་མི་རྟག་པ་ཉིད་ལ་སོགས་པས་རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་པ་ཡང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པ་གང་ལགས་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་གཉིས་པ་ལམ་རྣམ་པར་བསྒོམས་པའི་འབྲས་བུ་མངོན་སུམ་དུ་མི་བྱེད་པས་ལམ་ཡང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་གང་ལ་ཡང་ངོ་བོ་ཉིད་དམིགས་སུ་མ་མཆིས་ན་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཉན་ཐོས་ཀྱི་ལམ་མམ་ཞེས་པ་ལ་སོགས་པས་བསྟན། བཅུ་གསུམ་པ་དོར་བ་དང་བླང་བ་མེད་པས་མི་མཐུན་པ་དང༌། བཅུ་བཞི་པ་གཉེན་པོ་ཡང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་གང་ལགས་པ་དང་བྱང་ཆུབ་གང་ལགས་པའི་


DTG081_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དེ་དག་དང་ལྡན་པ་ཡང་མ་ལགས་མི་ལྡན་པ་ཡང་མ་ལགས། བསྟན་དུ་ཡང་མ་མཆིས་ཐོགས་པ་ཡང་མ་མཆིས་ཏེ་ཞེས་པ་ལ་སོགས་པས་བསྟན། བཅོ་ལྔ་པ་ཆོས་ཅན་མེད་པས་ཆོས་ཀྱི་མཚན་ཉིད་ཀྱང་མདོ་ལས། རབ་འབྱོར་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསླབ་པར་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཟུགས་མེད་ཅིང་བསྟན་དུ་མེད་ལ་ཐོགས་པ་མེད་པ་སྟེ་ཞེས་པ་ལ་སོགས་པས་བསྟན། བཅུ་དྲུག་པ་རང་དང་སྤྱིའི་མཚན་ཉིད་མི་འཐད་པས་བསྒོམ་པ་ཡང་མདོ་ལས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་བ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་མཚན་ཉིད་མེད་དེ་མཚན་ཉིད་ཐ་དད་པ་མ་ཡིན་ལ་མཚན་ཉིད་གཅིག་པ་ཡང་མ་ཡིན་པ་སྟེ། རབ་འབྱོར་མཚན་ཉིད་མེད་པ་ལ་བསྒོམ་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡིན་ནོ་ཞེས་པ་ལ་སོགས་པས་བསྟན་ཏེ། བར་འདིར་རྒོལ་བ་བརྒྱུད་མ་སྟོན་ཏེ། དེ་ཡང་མདོ་ལས། ལེའུ་བདུན་ཅུ་པའི་ཀླད་ནས། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་དངོས་པོའི་འདུ་ཤེས་ཅན་ལ་མཐུན་པའི་བཟོད་པ་ཡང་མ་མཆིས་ན་ཐོབ་པ་ལྟ་ག་ལ་མཆིས། མངོན་པར་རྟོགས་པ་ཡང་ལྟ་ག་ལ་མ་ཆིས་ཏེ། མ་མཆིས་ན་ཅི་དངོས་པོ་མ་མཆིས་པའི་འདུ་ཤེས་ཅན་ལ་མཐུན་པའི་བཟོད་པ་མ་མཆིས་ལགས་སམ་ཞེས་པ་མན་ཆད་ཀྱིས་བསྟན་ཏོ།