རང་གི་སེམས་གོང་དུ་འཕོ་བའི་མན་ངག་བྱིན་བརླབ་དང་བཅས་པ།
དཔལ་འཛིན།


DTG048_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སེམས་གོང་དུ་འཕོ་བའི་མན་ངག་བྱིན་བརླབ་དང་བཅས་པ། དཔལ་རྡོ་རྗེ་འཛིན་རྒྱལ་ཁྲོས་པ་ཆེན་པོ་ཞེ་སྡང་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །རྣལ་འབྱོར་གང་ལ་ཕྱི་དང་ནི། །ནང་གི་འཆི་ལྟས་བརྟག་བྱ་སྟེ། །ངེས་པར་འཆི་འགྱུར་རླུང་ལས་ཏེ། །གསུམ་མམ་ལྔ་འམ་བདུན་ལ་སོགས། །གཡས་གཡོན་རླུང་ནི་མ་འགྱུར་ན། །ནང་གི་རྩ་དང་རླུང་ཐིག་ལེ། །ལས་མི་རུང་བས་འཆི་ལྟས་སུ། །རྟོགས་ནས་སླུ་བའི་རྣལ་འབྱོར་བྱ། །གཡས་ནས་ལྔ་དང་གཡོན་ནས་གཅིག །སྐྱོང་དང་སྡུད་པའི་ཁྱད་པར་རོ། །གློ་གཡས་ས་ལ་ཕབ་བྱས་ནས། །བྲལ་གཡོན་སྟེང་དུ་རྐང་གཡས་གཞག། གཡོན་གྱི་རྐང་མགོ་སྒྱིད་པར་སྤྲེལ། །ལག་གཡོན་ནུ་མཉེས་མཆན་ཁུང་གཞུག །ལུས་ལྗིད་དཔུང་པ་གཡས་ལ་བསྐུར། །དབུང་པ་གཡས་པས་ཁ་གཅུས་ལ། །རྡོ་རྗེའི་བཟླས་པས་བསླུ་བར་བྱ། །དེས་ཀྱང་འཕོ་བར་མ་གྱུར་ཚེ། །རྡུ་བས་ལ་མཐེ་ཆུང་གཡས་ཀྱིས་བཀག། གཡོན་ནས་འགྲོ་འོང་བྱ་བ་དེད། །རླུང་བཅིང་མན་ངག་དམ་པའོ། །འཁྲུལ་འཁོར་བཟློག་སྟེ་བྱ་བ་ནི། །གཡོན་ནས་འཕོ་བར་མ་འདོད་ནའོ། །དེ་ལྟར་ཕྱི་དུས་ཚེས་གྲངས་ལ། །བརྟགས་ནས་གལ་ཏེ་མི་འཕོ་ན། །དུས་ལ་བབ་པས་རྣམས་ཤེས་འཕང༌། །འཇིག་རྟེན་འདི་དང་གཞན་ལ་ཡང། །ཞེན་པའི་རྩ་བ་རབ་བཅད་ནས། །ལོངས་སྤྱོད་ལུས་དང་དགེ་ལ་སོགས། །ལྷ་དང་བླ་མ་འགྲོ་དྲུག་ལ། །ལྟོས་པ་མེད་པར་མཆོད་སྤྱིན་བྱ། །ལུས་ལ་ཆགས་དང་ཞེན་པ་ནི། །སྐད་ཅིག་ཙམ་ཡང་མི་བྱའོ། །གནས་དང་གྲོགས་སོགས་གཞན་མེད་དང༌། །ལྷར་ནི་ཡང་དང་ཡང་དྲན་པས། །བླ་མ་འབའ་ཞིག་བསམ་པར་བྱ། །དྲག་ལྡན་བསམ་པས་སྐྱབས་སོང་ལ། །དཔལ་ལྡན་གཤིན་རྗེ་གཤེད་དམར་པོ། །དམིགས་པའི་སྤྱི་བོར་བསྒོམ་བྱས་ནས། །དབུ་མ་གཉིས་ནི་སྤྲད་བྱས་ལ། །སྙིང་དབུས་ཧཱུཾ་ལས་སྒོ་རྣམས་བཀག །སེམས་རྟེན་ཧཱུཾ་ནི་ཡར་


DTG048_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

འཕངས་ཏེ། །བླ་མའི་ཧཱུཾ་ནི་སྙིང་གར་བསྡུ། །འདོད་ཚོ་འོག་ཏུ་མི་དགུག་གོ །ཡང་ན་སྒོ་གཞན་བཀག་རྗེས་ལ། །རྩ་གཉིས་ཐབས་ཤེས་ཡི་གེས་དགག །སྙིང་དབུས་དབུ་མར་ཟླ་གམ་ཧཱུཾ། །དེ་སྟེང་ཧཱུཾ་ནི་སྐར་མདའ་ལྟར། །འཇུག་པའི་རླུང་དང་སྦྱར་བར་བྱ། །ཡང་ན་འོད་ཀྱིས་འབོ་བ་སྟེ། །གཞུ་དབྱིབས་འཁྲུལ་འཁོར་བྱས་རྗེས་སུ། །ལྟེ་བར་རླུང་བཅས་ཟླ་བར་ཧཱུཾ། །སྙིང་དབུས་གོང་བུས་བུ་ག་དགག །སྟོབས་ཀྱི་ཡི་གེས་སེམས་དྲངས་ནས། །ལྷ་ཡི་ཐུགས་ཀར་འཕོངས་ཏེ་བསྲེ། །གནས་གཞན་གང་དུ་སྐྱེ་འདོད་པར། །ཡི་གེ་གསུམ་གྱིས་དྲངས་ཏེ་འཕངས། །ཡང་ན་སྤྲོས་མེད་རྣལ་འབྱོར་བ། །སྣ་ཚོགས་སྟོང་པའི་གཟུགས་འདི་ལས། །འོད་གསལ་དང་དུ་འཕོ་བ་སྟེ། །ཕྱག་རྒྱ་ཆེན་པོ་ཉིད་འགྱུར་རོ། །རང་གི་སེམས་གོང་དུ་འཕོ་བའི་མན་ངག་སློབ་དཔོན་དཔལ་འཛིན་གྱི་གདམས་པ་དེ་ཉིད་ཀྱིས་མཛད་པའོ། །པཎྚི་ཏ་རྒྱ་གར་མངོན་ཤེས་ཅན་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ཁུག་པས་བསྒྱུར་བ་ལས། །ཕྱིས་སའི་སྟེང་ན་འགྲན་ཟླ་དང་བྲལ་བ་དརྦཎ་ཨཱཙཱཪྻ་དང༌། ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་གྲོང་དུ་བསྒྱུར་ཅིང་ཞུས་པའོ།།