དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཟློག་པ་བསྡུས་པ།

དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཟློག་པ་བསྡུས་པ་བཞུགས་སོ། །

ཧཱུཾ། འཁོར་ལོ་རྩིབ་བཅུ་རབ་ཏུ་འབར་བའི་དབུས། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །ཁྲོ་བོའི་རྒྱལ་བོ་ཁྲག་འཐུང་ཧེ་རུ་ཀ །ཐུགས་དམ་དུས་ལ་བབ་པོ་དབྱིངས་ནས་བཞེངས། །མ་རུང་འདུལ་ཕྱིར་དྲག་པོའི་སྐུར་བསྟན་ནས། །སྔགས་འཆང་རིག་འཛིན་སྒྲུབ་པོ་བདག་ཅག་ལ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དཔལ་བསྐྱེད་ནས། །སྡང་དགྲ་གནོད་པའི་བགེགས་རྣམས་བཟློག་པ་དང༌། །རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས།། ཧཱུཾ། ཡབ་ཅིག་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༌། །དཔལ་གྱི་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །ཡབ་ཡུམ་ཐབས་དང་ཤེས་རབ་རོལ་བ་ལས། །ཕྱོགས་བཅུའི་ཁྲོ་བོའི་ཚོགས་རྣམས་སྤྲོས་པ་ནི། །ཕྱོགས་བཅུའི་འཁོར་ལོ་འབར་བའི་རྩིབས་དབུས་ན། །ཁྲོ་བོ་བཅུ་དང་སྲས་མཆོག་ཁྲ་ཐབས་དང༌། །དབང་ཕྱུག་ཉེར་བརྒྱད་ཕུར་སྲུང་བསྟན་སྲུང་སོགས། །འཁོར་བཅས་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། ། ཕྱོགས་བཅུའི་གཟའ་སོགས་གནོད་པ་ཐམས་ཅད་ཟློག །ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག །སྒྱུར་རོ་ལྟས་ངན་ཆོ་འཕྲུལ་ཐམས་ཅད་བསྒྱུར། །ཟློག་བསྒྱུར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །༩༠༣༣༠0 ཧཱུཾ། དེ་རིང་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ལུས་ཀྱི་ན་ཚ་ཐམས་ཅད་གཏོར་མས་ཟློག །སེམས་ཀྱི་སྡུག་བསྔལ་ཐམས་ཅད་གཏོར་མས་ཟློག །ནད་རིགས་ངན་པ་ཐམས་ཅད་གཏོར་མས་ཟློག །གདོན་བགེགས་གནོད་པ་ཐམས་ཅད་གཏོར་མས་ཟློག །མི་འདོད་ཕྱོགས་ངན་ཐམས་ཅད་གཏོར་མས་ཟློག །སྐག་དང་བྱུར་ཆག་ཐམས་ཅད་གཏོར་མས་ཟློག །བསམ་ངན་སྦྱོར་རྩུབ་ཐམས་ཅད་གཏོར་མས་ཟློག །དགྲ་དང་དམོད་མོ་ཐམས་ཅད་གཏོར་མས་ཟློག །དུས་མིན་འཆི་བ་ཐམས་ཅད་གཏོར་མས་ཟློག །མཐུ་གཏད་མནན་སྲེག་ཐམས་ཅད་གཏོར་མས་ཟློག །མི་མཐུན་རྐྱེན་ངན་ཐམས་ཅད་གཏོར་མས་ཟློག །ལྟས་ངན་རིགས་གྱུར་ཐམས་ཅད་གཏོར་མས་ཟློག །མདོར་ན་དམར་ཆེན་གཏོར་མ་འདི་ཡི་མཐུས། །ངན་པ་ཟློག་ལ་རྩུབ་མོ་ཐམས་ཅད་བསྒྱུར། །ཐམས་ཅད་སྡང་བའི་དགྲ་ལ་བཟློག་ཅིང་བསྒྱུར། །ཐམས་ཅད་གནོད་པའི་བགེགས་ཀྱི་སྟེང་དུ་བྷྱོ། །གཏོར་མ་འདི་ཡིས་མི་བཟློག་གང་ཡང་མེད། །གཏོར་མ་འདི་ཡིས་མི་བསྒྱུར་གང་ཡང་མེད། །གཏོར་མ་འདི་ཡིས་ཐམས་ཅད་མི་ཟློག་ཏུ། །བླ་མ་ཡི་དམ་བདེན་པའི་བྱིན་རླབས་དང༌། །དམ་ཅན་སྲུང་མས་མཐུ་རྩལ་བྱིན་གྱིས་རློབས། །རྣལ་འབྱོར་བདག་གིས་ཏིང་འཛིན་བྱིན་གྱིས་བརླབ། །དེ་ཕྱིར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །མི་མཐུན་རྐྱེན་ངན་བར་ཆད་ཐམས་ཅད་ཀུན། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བྷྱོཿ༩0 ༣༣0 འུར་ཆེམ༠༣༠༣༠0 དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཟློག་པ་བསྡུས་པ་འདི་ནི་བཟློག་སྟོང་གི་གྲངས་ཀ་བསོག་སྐབས་མཁོ་ཕྱིར་གཞན་གྱི་ངོར་ངག་དབང་དངོས་གྲུབ་དཔལ་ནས་ཕྱོགས་བསྒྲིག་བྱས་པའོ།།