བཞི་པ་སའི་ཡོན་ཏན་སོགས་བཤད་པ།
བཞི་པ་སའི་ཡོན་ཏན་སོགས་བཤད་པ་ལ།
ཡོན་ཏན། རྟགས། སྐྱེ་བ། སློབ་ཚུལ།སྤང་བྱ། ཕར་ཕྱིན་ལ་སྤྱོད་ཚུལ། སྤངས་རྟོགས། ཡོངས་སྦྱོང༌། འབྲས་བུའི་ཁྱད་པར་བཤད་པ་དང་དགུ། དང་པོ་ཡོན་ཏན་ལ། སྤྱི་དང༌། ས་སོ་སོའི་ཡོན་ཏན་གཉིས། དང་པོ་ནི། རྒྱན་ལས། ས་རྣམས་ཀུན་ལ་རྣམ་ཀུན་ཏུ༌། །བློ་ལྡན་རྣམས་ཀྱི་ཕན་ཡོན་ནི། །ཞི་གནས་ལྷག་མཐོང་གཉིས་ཀ་ལ། །ལྔ་པོའི་བདག་ཉིད་དག་ཏུ་འདོད། །ཅེས་བྱང་སེམས་ཀྱི་ས་རྣམས་ཀུན་ལ་རྣམ་པ་ཀུན་ཏུ་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ཐོབ་པའི་ཕན་ཡོན་ནི། གདམས་ངག་གི་སྐབས་སུ་བཤད་པ་ལྟར་སྐད་ཅིག་རེ་རེ་ལ་སྒྲིབ་པ་གཉིས་ཀྱི་གནས་ངན་ལེན་ས་བོན་གྱི་གནས་ཐམས་ཅད་ཟད་པར་འགྱུར་བ་དང༌། སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་ཏེ་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་རྟོགས་པས་ཆོས་ཀྱི་དགའ་བ་ལ་དགའ་བ་ཡང་དག་པ་ཐོབ་པར་འགྱུར་བ་དང༌། འདྲིས་ཤིང་མ་བརྗེད་པའི་སྒོ་ནས་ཆོས་ཐམས་ཅད་ལ་རྣམ་པ་ཕྱོགས་རེར་ཡོངས་སུ་མ་ཆད་པའི་ཆོས་ཀྱི་སྣང་བ་ཚད་མེད་པ་ཡང་དག་པར་ཡོངས་སུ་ཤེས་པར་འགྱུར་བ་དང༌། སྒྲིབ་པས་རྣམ་པར་དག་པའི་སྐལ་བ་དང་མཐུན་པའི་རྒྱུ་མཚན་མ་བརྟགས་བཞིན་དུ་ཆོས་ཉིད་ཀྱི་སྣང་བ་མངོན་སུམ་དུ་མཐོང་བར་འགྱུར་བ་དང༌། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང་ཡོངས་སུ་འགྲུབ་པར་བྱ་བའི་ཕྱིར་གོང་ནས་གོང་དུ་ཆེས་ཁྱད་པར་དུ་འཕགས་པའི་རྒྱུ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་བྱེད་པ་སྟེ། དང་པོ་གཉིས་ནི་ཞི་གནས་ཀྱི་ཕྱོགས་དང་མཐུན་པ་དང༌། དེ་ནས་གཉིས་ལྷག་མཐོང་གི་ཕྱོགས་དང་མཐུན་པ་དང༌། ལྷག་མ་གཅིག་ནི་གཉིས་ཀ་ལ་ཡོད་པའི་ཕན་ཡོན་ཡིན་པས་དེ་ལྟར་ན་ཕན་ཡོན་ལྔ་པོའི་བདག་ཉིད་དག་ཐོབ་པ་ཉིད་དུ་འདོད་པ་ཡིན་ནོ། །