བཞི་པ། རྣམ་པར་དག་པའི་རིམ་པ།


DTG008_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་རྣམ་པར་དག་པའི་རིམ་པ་བརྗོད་པར་བྱ་སྟེ་སླར་ཡང་ཕྲེང་བ་དང་ཆུ་ལ་སོགས་པའི་དབང་གི་རིམ་གྱིས། མཐེ་བོང་སྲིན་ལག་དག་གིས་དེ། །སློབ་


DTG009_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཁར་ནི་ལྟུང་བར་བྱ། །ཞེས་པ་འདིས་གསང་བ་ལ་སོགས་པའི་དབང་བསྐུར་བ་བྱིན་ནས་གསུམ་པ་ཁྱད་པར་གྱི་དགའ་བས་བྱིན་གྱིས་བརླབ་པའི་དགའ་བའི་རྣམ་པ་རྟོགས་པར་བྱས་ཏེ། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པ་འདིས་དེའི་རྣམ་པར་དག་པ་ནི་མེད་པར་དགག་པའི་འཇུག་པས་དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་ནི་རྣམ་པ་གཉིས་ཏེ་གཟུགས་དང་གཟུགས་མ་ཡིན་པའི་ཕུང་པོ་ལ་སོགས་པ་རྣམས་ཀྱི་ལྷའི་རྣམ་པར་དག་པ་དང༌། གཞན་ནི་ལྷན་ཅིག་སྐྱེས་པའི་གཟུགས་རང་རིག་པའི་བདག་ཉིད་ཅན་གཟུང་བར་བྱ་བ་ལ་སོགས་པའི་གཉེན་པོ་དགའ་བ་གསུམ་པོ་བདག་བྱིན་གྱིས་བརླབ་པའི་མཚན་ཉིད་ཐོབ་པ་གང་གི་རྣམ་པར་དག་པ་སྟེ་དེ་བཞིན་ཉིད་ལྷན་ཅིག་སྐྱེས་པའི་དགའ་བ་རང་བཞིན་ནོ། །དེ་བཅོམ་ལྡན་འདས་ཀྱིས་གསུངས་པ། དངོས་པོར་གྲགས་པ་ཐམས་ཅད་ཀྱིས། །རྣམ་དག་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བས་དེ། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །གསུངས་པ། ཕུང་པོ་ལྔ་དང་དབང་པོ་དྲུག །སྐྱེ་མཆེད་དྲུག་དང་འབྱུང་ཆེན་ལྔའི། །མཚན་ཉིད་རང་བཞིན་གྱིས་རྣམ་དག །མི་ཤེས་ཉོན་མོངས་སྒྲིབ་སྦྱང་བྱ། །རང་རིག་བདག་ཉིད་དག་པ་སྟེ། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཡུལ་རྣམས་དག་པའི་དངོས་ཉིད་ཕྱིར། །བདེ་བ་མཆོག་ནི་རང་རིག་པའོ། །འདིས་འདི་གསུངས་པ་ཡིན་ཏེ་བསྐྱེད་པའི་རིམ་པ་ལ་བརྟེན་ནས་ལྷ་མོ་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་རྣམ་པར་དག་པར་གསུངས་སོ། །བདག་བྱིན་གྱིས་བརླབ་པའི་མཚན་ཉིད་ཐོབ་པའི་དགའ་བ་གསུམ་པོ་རྣམས་ཀྱི་རྣམ་པར་དག་པ་ནི་རང་རིག་པའི་བདག་ཉིད་ཅན་དེ་བཞིན་དེ་ལས་རབ་ཏུ་ཞུགས་པ་ཞེས་པའི་དོན་ཏེ་འདིས་མྱ་ངན་ལས་འདས་པ་ཐམས་ཅད་སྟོང་པར་གསུངས་སོ། །དེ་ཁོ་ན་ཉིད་ཀྱི་ལེའུ་ཡང་གསུངས་པ། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང༌། །ཞེས་པ་ལ་སོགས་པའོ། །སླར་ཡང༌། ངོ་བོས་གཟུགས་མེད་མཐོང་བ་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བ་མེད། །དབང་གི་ལེའུར་ཡང་གསུངས་པ། མཆོག་དགའ་བསྒོམ་པ་མེད་ཅིང་


DTG009_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་པོ་ཡང་མེད། །ལུས་ཀྱང་མེད་ཅིང་གཟུང་བ་མེད་ཅིང་འཛིན་པའང་མེད། །ཤ་དང་ཁྲག་ཀྱང་མེད་ཅིང་བཤད་དང་ལྕི་བའང་མེད། །སྐྱུག་ཁྲོ་རྨོངས་མེད་གཙང་སྦྲ་མཆོད་ཕྱིར་ཐོགས་མེད་དང༌། །ཆགས་མེད་སྡང་བ་མེད་དང་རྨོངས་མེད་ཕྲག་དོག་མེད། །སེར་སྣ་མེད་དང་ང་རྒྱལ་མེད་ཅིང་མཐོང་བྱ་མེད། །བསྒོམ་དང་སྒོམ་པོ་མེད་ཅིང་བཤེས་དང་དགྲ་མེད་ཅིང༌། །ཁྲེམ་གཉེར་མེད་པའི་ལྷན་ཅིག་སྐྱེས་པ་སྣ་ཚོགས་ཉིད། །འདི་ཡང་ཅི་ལྟར་ཤེས་པར་བྱ་ཞེ་ན། འདི་ཉིད་དུ་ཡང་གསུངས་པ། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་ལས་ཀྱང་ནི་མི་རྙེད་དེ། །བླ་མ་བརྒྱུད་པ་ཉེར་བསྙེན་དང༌། །རང་ལ་བསོད་ནམས་ལས་ཤེས་བྱ། །དེ་ལྟ་ན་ཡང་ལྷན་ཅིག་སྐྱེས་པ་ལ་གང་དུ་ཡིད་ཆེས། བརྗོད་པར་བྱ་སྟེ། སྙོམས་པར་ཞུགས་པའི་ལྷན་ཅིག་སྐྱེས་པའི་གྲིབ་མའི་རྗེས་སུ་བྱེད་པ་ཉིད་ཀྱི་ཕྱིར་བླ་མའི་མན་ངག་ལས་ལྷན་ཅིག་སྐྱེས་པ་ཤེས་པར་བྱའོ། །དེ་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ལ་དེ་ཉིད་བསྟན་པར་བྱ། མཆོག་མཐའ་དགའ་བྲལ་དང་པོ་མཆོག་མཐའ་ཅན། །ཞེས་པ་སྟེ། གང་གི་དང་པོ་དགའ་བྲལ་ཡིན་པ་དེ་ནི་དགའ་བྲལ་དང་པོ་སྟེ་ལྷན་ཅིག་སྐྱེས་པའོ། །མཐར་བྱེད་དོ་ཞེས་པ་ནི་མཐའ་ཅན་ནོ། །མཆོག་ནི་རབ་ཀྱི་མཐའ་བ་སྟེ་དེ་ནི་དེ་ལྟ་བུ་ཡིན་ནོ། །དགའ་བྲལ་དང་པོ་ཡང་ཡིན་ལ་མཆོག་མཐའ་ཅན་ཡང་ཡིན་པ་དེ་ནི་དགའ་བྲལ་དང་པོ་མཆོག་མཐའ་ཅན་ནོ། །རྒྱུད་རྣམས་ཀུན་ཏུ་སྦས་པ་སྟེ། །མཐའ་ཡི་མཐའ་ནི་རབ་ཏུ་གསལ། །རྡོ་རྗེ་མཆོད་པ་རབ་སྦྱར་ནས། །དེ་ལ་ལྷ་མོ་དེས་ཞུས་པ། །ལྷ་དེའི་སྐད་ཅིག་ཇི་ལྟར་ལགས། །གཙོ་བོ་ཆེན་པོ་བཤད་དུ་གསོལ། །དེར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ནི་མེད་པ་སྟེ། །འདིར་ཡང་བཅོམ་ལྡན་འདས་ཀྱིས་གསུངས། །ཇི་ལྟར་དབང་བསྐུར་གསོལ་གདབ་པའི། །སློབ་མའི་བྱ་བ་བཤད་པར་བྱ། །བླ་མ་ཕྱག་རྒྱ་ལྡན་མཐོང་ནས། །བརྟུལ་ཞུགས་ཅན་གྱིས་བསྟོད་མཆོད་བྱ། །བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་ཏུ་བརྩོན། །སྒྲུབ་པོ་ཕྱག་རྒྱ་ཐ་མི་དད། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བ། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །བྱ་བ་བདག་ལའང་


DTG009_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མཛོད་ཅིག །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞིམ་པའི་བཟའ་བ་བཏུང་བ་དང༌། །བ་ལ་ཆེ་མཆོག་མ་ད་ན། །བདུག་པ་ལྷ་བཤོས་ཕྲེང་བ་དང༌། །དྲིལ་བུ་རྒྱལ་མཚན་བྱུག་པ་སྟེ། །སློབ་མ་དམ་པས་རྡོ་རྗེའི་འཛིན། །མཆོད་པ་འདི་རྣམས་ཀྱིས་མཆོད་དོ། །མཆོད་པའི་བར་མེད་པར་སྟོན་པ་པོས། འདིས་ལྷན་ཅིག་སྐྱེས་པའི་དགའ་བ་ཁོང་དུ་ཆུད་པར་བྱ་སྟེ། །གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ན། །བསྒོམ་པ་ཉིད་ནི་བསྒོམ་པ་མིན། །འདི་དང་འདི་ནི་བརྟན་པ་དང་གཡོ་བ་རྣམས་ཀྱི་ཡང་དེ་ཁོ་ན་ཉིད་དོ། །འདི་ལྟ་སྟེ། ཐམས་ཅད་ཐམས་ཅད་སྟོང་པ་ཞེས་བྱའོ། །དེ་བཅོམ་ལྡན་འདས་ཀྱིས་གསུངས་པ། བརྟན་དང་གཡོ་བའི་དངོས་པོ་གང༌། །རྩ་ལྕུག་འཁྲི་ཤིང་ལ་སོགས་རྣམས། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པའི་དེ་ཉིད་ངེས་བསྒོམ་བྱ། །དེ་རྣམས་གཅིག་པུ་གཞན་ཡོད་མིན། །བདེ་བ་ཆེན་པོ་རང་རིག་པའོ། །མཆོག་ཏུ་དགའ་བ་ཡང་དག་ཐོབ། །སྣ་ཚོགས་སྤངས་པའི་སྐད་ཅིག་ལ། །སྟོན་པས་སྨྲས་པ་སེམས་དཔའ་ཆེ། །བདེ་བ་ཆེན་པོ་གཟུང་བར་གྱིས། །དེ་ལྟར་ཡང་འཕགས་པ་ལྷའི་ཞབས་ཀྱིས་གསུངས་པ། དགའ་བ་ལ་སོགས་རིམ་པས་ཕྲ་མོ་ལ། །དམིགས་པ་ལ་ནི་བརྟེན་ནས་སྐད་ཅིག་མ། །ཟད་པར་འགྱུར་བ་བཞི་པའི་དུས་སུ་ནི། །ཨེ་མ་དམིགས་པ་ཞེས་བྱ་ཅི་ཞིག་ཡིན། །གང་ཡང་ཁྲེམ་གཉེར་མེད་པའི་བདེ་བ་ནི། །མྱོང་བའི་རྣམ་པར་གཞལ་བར་བྱ་བ་ཙམ། །དེ་ཡང་འཇིགས་པ་ཡང་སྟེ་དེ་ལ་ནི། །རྣམ་པར་བསྒྱིངས་པ་འབའ་ཞིག་དམིགས་པ་མེད། །ཨེ་མའོ་སྲིད་གསུམ་གང་བ་ཡི། །བདེ་བ་ཆེན་པོ་སྒེག་པ་སྟེ། །གང་གིས་རང་དང་གཞན་གྱི་ཆར། །རྣམ་དབྱེར་མེད་པའི་སྐད་ཅིག་གོ །འདིས་འདི་གསུངས་པར་གྱུར་པ་ཡིན་ཏེ། གསུམ་པ་དགའ་བྲལ་གྱི་དགའ་བའི་དཔེ་ལས། །བདག་བྱིན་གྱིས་བརླབ་པའི་བདེ་བ་འབྱུང་བ་ཉིད་དུ་རྟོགས་པར་བྱས་ནས་དེ་ཉིད་རྣམ་པར་དག་པ་ལས་དེ་བཞིན་ཉིད་ཀྱི་རྣམ་པས་ལྷན་ཅིག་སྐྱེས་པར་རྟོགས་པར་བྱ་བ་ཡིན་ནོ། །འདི་ནི། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པ་འདིའི་དོན་


DTG009_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །སྙོམས་པར་འཇུག་པ་ཡོད་ན་ཡེ་ཤེས་གང་ཡིན་པ་ཐོག་མར་གསུངས་པ་སྟེ། དེ་བཞིན་དུ་འདིར་ཡང་ལྷན་ཅིག་སྐྱེས་པ་རྟོགས་པ་ལས་དེ་ནི་དེ་ཡང་བཞི་པའི་ཡེ་ཤེས་སུ་འགྱུར་བ་དེས་ན་ལྷན་ཅིག་སྐྱེས་པ་བྱང་ཆུབ་ཀྱི་སེམས་ཀྱི་དཔེ་ལས་བདེ་བ་གང་ཡིན་པ་དང་ཡེ་ཤེས་གང་ཡིན་པ་ལ་ཡིད་ཆེས་པར་བྱའོ། །ལྷན་ཅིག་སྐྱེས་པའི་གྲིབ་མའི་རྗེས་སུ་བྱེད་པ་ཉིད་ཀྱི་ཕྱིར་དེ་ནི་དེ་ཁོ་ཉིད་དུ་བཤད་པ་མ་ཡིན་གྱི་འབྱུང་བ་ཆེན་པོ་པའོ། །གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང༌། །གང་ཕྱིར་འཁྱུད་པ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ཞེས་གསུངས་སོ། །འདི་ཉིད་སློབ་མའི་དྲི་བའི་ཚིག་གོ །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །བྱང་ཆུབ་སེམས་ནི་ལྟུང་གྱུར་ན། །ཕུང་པོ་རྣམ་ཤེས་བརྒྱལ་འགྱུར་བས། །མ་སྨད་དངོས་གྲུབ་ག་ལ་ཡོད། །མཁའ་དབྱིངས་རྡོ་རྗེ་ཡང་དག་སྦྱོར། །རེག་ལས་རྨད་བྱུང་ཆེན་པོ་ཡི། །བདེ་བ་སྐྱེ་བ་གང་ཡིན་པ། །དེ་ནི་མཆོག་དགའི་བྱེད་པོའོ། །ཞེས་པ་ལ། མ་སྨད་དངོས་གྲུབ་ག་ལ་ཡོད། །ཅེས་པ་ནི་དེ་ཉིད་མཆོག་ཏུ་དགའ་བར་བཤད་པའི་ལྷན་ཅིག་སྐྱེས་པའི་དགའ་བ་ལས་ཕྱག་རྒྱ་ཆེན་པོའི་བདག་ཉིད་ཅན་གྱི་དངོས་གྲུབ་པོ། །དམིགས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ན་མ་སྨད་པ་སྟེ་དེའི་ཕྱིར་ལྷན་ཅིག་སྐྱེས་པ་ཁོང་དུ་ཆུད་པའོ། །ཕུང་པོ་ལ་སོགས་པ་བརྒྱལ་བ་དེ་ཡོད་ན་ཡེ་ཤེས་གང་རྗེས་སུ་མྱོང་བ་ཡིན། དེས་ན་བདག་བྱིན་གྱིས་བརླབ་པར་མ་དག་པར་བྱས་སོ། །དེ་བསྒོམ་པ་རབ་ཀྱི་མཐར་སོན་པ་ན་སྟེ་ཇི་སྲིད་དུ་ཕུང་པོ་ལ་སོགས་པ་མེད་པར་མ་གྱུར་པ་དེ་སྲིད་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མངོན་སུམ་དུ་བྱེད་པར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། མཆོག་ཏུ་བདེ་བ་ཕུང་པོ་མེད། ཅེས་སོ། །འདི་ཉིད་ཀྱང་རྣལ་འབྱོར་མ་རྣམས་ཀྱིས་འཆི་བར་མངོན་པར་བརྗོད་དེ། བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། ཇི་ལྟར་ཕ་ལས་བདེ་ཐོབ་པ། །དེ་ཡི་བདེ་བ་རང་གིས་བཟང༌། །བདེ་བ་གང་གིས་འཆི་བ་སྟེ། །དེ་ཡི་བདེ་བ་བསམ་གཏན་བརྗོད། །འཆི་བ་ཞེས་བྱའི་རྣམ་རྟོག་ནི། །ཞེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པར་རྒྱས་པར་རོ། །མང་དུ་སྨྲ་བས་ཅི་ཞིག་བྱ། །རྡོ་རྗེ་ཐེག་པའི་དེ་ཉིད་ལས། །རྫས་ཀྱི་དངོས་པོར་ཡོད་ཅེས་པའང༌། །རང་བཞིན་རྟེན་ནས་དེ་


DTG009_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །བརྟགས་པའི་དངོས་པོ་མེད་པ་སྟེ། །གཞན་གྱི་དབང་ནི་ཡོད་པ་ཡིན། །ཞེས་པ་སྟེ་དེ་ལ་སོགས་པའི་སྒྲས་གཞན་གྱི་དབང་བཟུང་ངོ༌། །རྒྱུ་གཞན་ལ་བརྟེན་པས་ན་གཞན་གྱི་དབང་དང་གྲུབ་པ་ཡིན་ནོ། །གཞན་གྱི་དབང་ནི་འགྲོ་བའི་བདག་བྱིན་གྱིས་བརླབ་པའི་མཚན་ཉིད་དོ། །དེ་དག་གི་དངོས་པོ་མེད་པ་ནི་ཡོངས་སུ་གྲུབ་པའི་གཟུགས་ལྷན་ཅིག་སྐྱེས་པར་བཤད་པ་མྱ་ངན་ལས་འདས་པར་ཡང་གསུངས་ཏེ་ཐམས་ཅད་ཀྱི་ཐམས་ཅད་དུ་ཐམས་ཅད་སྟོང་པ་ནི་མུ་སྟེགས་པ་རྣམས་ཀྱི་ཆ་ཤས་ཡིན་ནོ། །དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་པར་མཛད་མའོ་ཞེས་པ་རྣམ་པར་དག་པ་སྟེ་རིམ་པ་བཞི་པའོ།། །།