སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་མདོར་བསྡུས།


TNT15_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གང་ཞིག་བསམ་པ་ཙམ་གྱིས་ནི། །འཇིགས་པ་བརྒྱད་ལས་ངེས་སྐྱོབ་པ། །སྤྱན་རས་གཟིགས་དབང་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་མདོར་བསྡུས་བཤད། །སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། པཾ་ལས་བདུད་རྩིའི་རྒྱ་མཚོའི་དབུས་སུ། པད་ཟླ་ལ་རང་སེམས་ཨ་དཀར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་སྤྱན་རས་གཟིགས་དཀར་པོ་འོད་དཔག་མེད་ཀྱིས་དབུ་རྒྱན་ཅན། ཞལ་གཅིག་ཕྱག་བརྒྱད་ཀྱི་གཡས་བཞི་ན། སེང་གེ་གླང་ཆེན་དུག་སྦྲུལ་གཟའ། གཡོན་བཞི་ན། མེ་ཆུ་ལྕགས་སྒྲོག་མི་རྣམས་འཛིན་པ། ཞབས་གཡོན་བརྐྱང་བའི་གར་སྟབས་ཅན། དར་དང་རིན་པོ་ཆེས་བརྒྱན་པ། མདུན་དུ་ཏཱཾ་ལས་སྒྲོལ་མ་སེར་མོ་ཕྱག་གཉིས་ཐལ་མོ་སྦྱར་བས་ནོར་བུ་འཛིན་པས་གཙོ་བོ་ལ་འདུད་པའོ། །ཨོཾ་ཨ་ཝ་ལོ་ཀི་ཏེ་པདྨེ་ནི། ཝ་རཱཾ་གི་ཎི། ཏུ་རུ་ཏུ་རུ་ཧཱུཾ་སྭཱཧཱ། ཞེས་པ་དང༌། ཨོཾ་མ་ཎི་ཧཱ་རེ་ཧཱུཾ། ཞེས་པ་ཡང་ཅི་འགྲུབ་ཏུ་བཟླའོ། །ཐུན་འཇོག་ཁར་སྒྲོལ་མ་རང་གི་སྙིང་གར་ཐིམ། ཕྱག་གཉིས་པའི་ང་རྒྱལ་གྱིས་ཐུན་མཚམས་ལ་འཇུག གཙང་སྦྲ་དང་ལྡན་པའི་སྒོ་ནས། བྲིས་སྐུ་དང་མཆོད་རྟེན་ལ་ཕྱག་མཆོད་གང་འགྲུབ་བྱའོ། །འདིའི་བཟླས་ལུང་འབོགས་ཚུལ་ཡང་འོད་


TNT15_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་ཀྱི་སྐབས་དང་འདྲའོ། །ཀུན༵་ལས་ངོ་མཚར་རྨད་བྱུང་སྐུ། །འཇིགས་བརྒྱད་སྐྱོབ་པ་རབ་དག༵འི་གནས། །རྒྱུད་ཀྱི་སྙིང༵་པོ༵་ཡིན་ནོ་ཞེས། །བླ་མའི་གསུང་ལས་གསལ་བར་ཐོས། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་སྤྱན་རས་གཟིགས་འཇིགས་པ་བརྒྱད་སྐྱོབ་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །