རྡོར་སེམས་སྒོམ་བཟླས།

༡ རྡོར་སེམས་སྒོམ་བཟླས་གལ་ཆེ་ཚུལ། རང་ཅག་སྐྱེ་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྡིག་ལྟུང་ཆར་བ་བབས་པ་བཞིན་བྱུང་བས། ད་ལྟ་ཤེས་རྒྱུད་ནག་ཐོམ་མེར་གྱུར་ཏེ། ས་ལམ་གྱི་མངོན་རྟོགས་འཁྲུངས་པ་ལྟ་ཅི། བསམ་བློ་ཡག་པོ་ཞིག་ཀྱང་མི་འབྱུང་བ་སྡིག་སྒྲིབ་ཀྱིས་ལན་པ་ཡིན། རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། སེམས་ཀྱི་ཆོས་ཉིད་མཐོང་བ་ཡང་། །ཚོགས་བསགས་སྒྲིབ་སྦྱོང་ལ་ལྟོས་པས། །ཡིག་བརྒྱ་འབུམ་ཙམ་ལྟུང་བཤགས་ནི། །བརྒྱ་ཕྲག་གང་མང་སྔོན་བཏང་ནས། །གསུངས་ལ། དཔེར་ན་སེམས་ནི་མེ་ལོང་ལྟ་བུ་དང་། མངོན་རྟོགས་ཀྱི་རིམ་པ་ནི་གཟུགས་བརྙན་འཆར་བ་ལྟ་བུ་ལགས་པས། མེ་ལོང་ལ་ས་རྡུལ་དང་འབག་བཙོག་གིས་བསྒོས་ན་མངོན་རྟོགས་ཀྱི་གཟུགས་བརྙན་མི་འཆར་བས། སྡིག་སྦྱངས་བྱེད་པ་གལ་ཆེ། སྤྱིར་སྡིག་སྒྲིབ་སྦྱོང་བའི་ཐབས་མང་དུ་ཡོད་ཀྱང་། རྗེ་སྒྲུབ་ཁང་བས། ཁྱེད་ཚོ་ལམ་གྱི་རྟོགས་པ་ཞིག་རྒྱུད་ལ་སྐྱེས་འདོད་པ་ཡིན་ན་ཡིག་བརྒྱ་འབུམ་ཐེར་རེའི་བསྙེན་པ་གྱིས། གསུངས་པ་ལྟར། སྡིག་ལྟུང་སྦྱངས་ཚུལ་གཞན་ལས་ཀྱང་མཆོག་ཏུ་གྱུར་བ་ནི། རྡོར་སེམས་སྒོམ་བཟླས་ལ་བརྟེན་ནས་སྡིག་ལྟུང་སྦྱངས་པ་འདི་བསྔགས་པ་ཡིན། རང་ཅག་སྐྱེ་བ་ཐོག་མེད་ནས་བག་མེད་དང་ལེ་ལོའི་ངང་ལུས་ངག་ཡིད་གསུམ་གྱི་སྡིག་ལྟུང་ཆར་བ་འབབ་པ་ལྟར་བསགས་ཡོད་པ་ཕར་ཞོག ཉེས་པ་ཕྲ་མོ་རེས་ཀྱང་། དུག་སྦྲུལ་གྱིས་སོ་བཏབ་པ་བཞིན་དུག་འཕེལ་བར་འགྱུར་བར་མ་ཟད། དགེ་རྩ་ཐམས་ཅད་ཆད་ནས་འགྱོད་བཞིན་དུ་ངན་འགྲོ་སྐྱེ་དགོས་པ་ཡིན་པས། ཡབ་རྗེ་སྐལ་ལྡན་རྒྱ་མཚོས། ཉིན་བཞིན་དུ་ལུས་ངག་ཡིད་གསུམ་པོ། །སྡིག་མི་དགེའི་སྐྱོན་གྱིས་ཆེར་སྦགས་པས། །རྒྱུད་ལས་སུ་རུང་བའི་འགལ་རྐྱེན་བྱེད། །གསུངས་ལ། དེ་བས་ན་བཤགས་སྡོམ་བྱེད་པ་གནད་དུ་ཆེ་ལ། འཆི་ཁ་ཚུན་ཆད་དུ་བཤགས་སྡོམ་མ་བྱས་ན། ངན་འགྲོར་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་ངེས་པས། དེ་མི་འདོད་ན་སྡིག་ལྟུང་བཤགས་སྡོམ་བྱེད་པ་ལས་ཐབས་གཞན་མེད་པས། དགེ་སྦྱོར་གཞན་རྣམས་བཞག་སྟེ་བཤགས་སྡོམ་ལ་འབད་དགོས། དེ་ཡང་ད་ལྟ་ངན་འགྲོའི་རྒྱུ་སྡིག་ལྟུང་བཤགས་སྦྱངས་བྱེད་པ་དང་། སྡིག་ལྟུང་གི་འབྲས་བུ་ངན་འགྲོའི་སྡུག་བསྔལ་བཟོད་དཀའ་བ་མྱོང་བ་གཉིས་ཀྱི་གདམ་ཀ་རང་ལ་ཡོད་པས། གནད་ཀ་མ་འཕྱུགས་པར་བྱ་དགོས། ཁྱད་པར་དུ་རང་ཅག་བོད་མི་རྣམས། སྙིང་རུས་ཆུང་ལ་དཔའ་རྔམ་ཆེ་བས། དབང་རེ་མ་ཉན་པ་མེད་པའི་ཚོད་དུ་འདུག གསང་སྔགས་ཀྱི་སྒོ་ཞུགས་ནས་དམ་ཚིག་མ་བསྲུང་ན་དམྱལ་བ་དང་། བསྲུངས་ན་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལས་འགྲོ་ས་གཞན་མེད་ཚོད་ཡིན། ཆོས་ལ་མ་ཉན་པ་གཅིག་ཀྱང་མེད་ལ། སྲུང་བ་སྣ་གཅིག་ཀྱང་མེད་པས། ད་ལྟ་དམ་ཉམས་ས་སྟེང་བཀང་བའི་ཚོད་དུ་འདུག ཚོགས་གྲལ་དུ་དམ་ཉམས་གཅིག་ཕྱིན་ན་ཉམས་གྲིབ་ཀྱིས་དམ་ལྡན་ཁྲི་འབུམ་གྱི་སྒྲུབ་པ་ལ་འབྲས་བུ་མི་འབྱིན་པ། དཔེར་ན། འོ་མ་གཙང་མ་ཟངས་མོ་ཆེ་གང་ལ་འོ་རུལ་ཐིགས་པ་གཅིག་ལྷུང་སྟེ་རུལ་བར་བྱེད་པ་དང་འདྲ། དམ་ཉམས་དེའི་ཉེས་པ་ཡང་། རྒྱུད་ལས། རྡོ་རྗེ་སྲིན་པོས་སྙིང་ཁྲག་འཐུང་བ་དང་། །ཚེ་ཐུང་ནད་མང་ནོར་ཡལ་དགྲས་འཇིགས་དང་། །མནར་མེད་དམྱལ་བ་ཤིན་ཏུ་སྐྱི་གཡའ་བ། །སྡུག་བསྔལ་མི་བཟད་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པ་ལྟར་ཡིན་པས། དང་བོ་ནས་ཆོས་གཞན་གང་ལས་ཀྱང་ཐོག་མར་སྡིག་ལྟུང་སྦྱངས་པ་གལ་ཆེ།

༢ མི་མཐུན་ཕྱོགས་སྤང་སྟེ་མཐུན་ཕྱོགས་སྒྲུབ་དགོས་པ། དེ་ཡང་དམིགས་རྣམ་གྱི་གསལ་འདེབས་ཅི་ཡང་མེད་པར། ངག་བཀྱལ་གྱི་གཏེར་ཁ་བརྡོལ། ཕུ་མདའ་བར་གསུམ་གྱི་བླ་བཙག་ཕྱི་བརྡུང་གི་འཆལ་གཏམ་གྱི་སྒོ་མོ་ཕྱེས་ཏེ། བགྲང་ཕྲེང་རྒྱུ་ནག་འདེད་འདེད་བྱས་པས་གར་ཡང་མི་ཕྱིན་ཏེ། སྤྱོད་འཇུག་ལས། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེང་བས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་བཟླས་བརྗོད་བྱེད་ཚེ་ཡང་། སེམས་རྣལ་དུ་མི་གནས་པར་གཡེང་ནས་བཏོན་ན་དགོས་པ་ཆུང་བར་གསུངས་པ་དང་། དེར་མ་ཟད། ཀློག་ཚུལ་དག་པའང་གལ་ཆེ་སྟེ། བྱིས་འཇུག་ལས། གང་གིས་བཀླག་ཐབས་མི་ཤེས་པ། །རིག་སྔགས་ལོག་པར་བཟླས་གྱུར་ན། །དད་མེད་རྣམས་ལ་དོན་མེད་འགྱུར། །དད་པ་ཡོད་ཀྱང་དངོས་གྲུབ་རིང་། །ཞེས་སོ། །

འོ་ན་ཇི་ལྟར་བྱ་ཟེར་ན། དཔུང་བཟང་གིས་ཞུས་པ་ལས། བཟླས་བརྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང་། །སྒྲ་ཆེར་མི་བྱ་ཧ་ཅང་ཆུང་བ་མིན། །སྨྲ་ཞིང་མ་ཡིན་གཞན་དུ་གཡེང་བཞིན་མིན། །གུག་བསྐྱེད་ཀླད་ཀོར་ཚེག་རྣམས་ཉམས་པ་མིན། །ཅེས་པ་ལྟར་དམིགས་པ་གཞན་དུ་མ་གཡེང་བར་མི་མྱུར་མི་དལ། མི་ཆེ་མི་ཆུང་བར་བཟླས་ཏེ་སྨྲ་བ་གཞན་བཅད་ནས་དག་འདོན་བྱས་ན། དུས་གཅིག་ལ་ཡིག་བརྒྱ་ལན་བརྒྱ་རྩ་བརྒྱད་བཟླས་ནའང་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆག་དག་པ་བླ་མ་རྡོ་རྗེ་སེམས་དཔའི་ཞལ་གྱིས་བཞེས་པ་ཡིན་ནོ། །

ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་ཀྱི་སྔགས་དོན་རགས་བསྡུས་ནི། རྡོ་རྗེ་སེམས་དཔའ་ཞེས་མཚན་ནས་བོས་ཏེ། སྔོན་ཚེ་ཐུགས་བསྐྱེད་པའི་དུས། སེམས་ཅན་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་དམ་བཅས་པ་དེ་དྲན་པར་མཛོད་ལ། དམ་ཚིག་རྗེས་སུ་སྐྱོང་བའི་ཆེད་དུ། རྡོ་རྗེ་སེམས་དཔའ་ཉིད་ཉེ་བར་གནས་པའོ། །བདག་ལ་བསྟན་པར་མཛད་དུ་གསོལ། བདག་ལ་ལེགས་པར་དགྱེས་པར་མཛོད། བདག་ལ་ཤིན་ཏུ་རྒྱས་པར་མཛོད། བདག་ལ་རྗེས་སུ་ཆགས་པར་མཛོད། བདག་གི་དགེ་བའི་རྩ་བ་རྣམས་བརྟན་པར་མཛོད། བདག་ཉོན་མོངས་པའི་དབང་དུ་སོང་བ་ལ་མི་དགྱེས་པ་མེད་པར་རྗེས་སུ་ཟུངས། བདག་གི་ལུང་རྟོགས་ཀྱི་ཡོན་ཏན་རྒྱས་པར་མཛོད། བྱང་ཆུབ་མ་འཐོབ་བར་དུ་བརྩེ་བའི་མ་འདོར་ཞིག དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། བདག་གི་ལས་ཐམས་ཅད་ལའང་སེམས་ལ་ཕན་པའི་དཔལ་དུ་མཛོད། དངོས་གྲུབ་ཀྱི་དཔལ་གང་ཞེ་ན། ཡེ་ཤེས་ལྔ་དང་། དེ་ཀུན་གཅིག་ཏུ་འདུས་པ་རྡོ་རྗེ་བདེ་སྟོང་དབྱེར་མེད་ཀྱི་ས་བོན་ནོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཅན་གྱི་རང་བཞིན་གྱི་སེམས་དཔའ་ཆེན་པོས་བདག་ལ་དམ་ཚིག་བཞིན་དུ་མ་བཏང་བར་གྲོལ་བར་མཛོད་ཅེས་པའོ། །ཨཱཿགསུང་རྡོ་རྗེ་དང་སྟོང་ཉིད་རྟོགས་པའི་ཡེ་ཤེས། ཧཱུཾ་བདེ་ཆེན་གྱི་ཡེ་ཤེས། ཕཊ་ཀྱིས་དེ་གཉིས་དབྱེར་མེད་མཚོན་པར་གསུངས་སོ། །

རྡོར་སེམས་སྒོམ་བཟླས་སྐབས་ཅི་ནས་ཀྱང་ཚང་དགོས་པ་ནི། སྟོབས་བཞི་སྟེ། རྟེན་གྱི་སྟོབས་ནི། རྡོ་རྗེ་སེམས་དཔའ་ལ་སྐྱབས་སུ་བཟུང་ནས་སྨོན་འཇུག་གི་བྱང་སེམས་དང་ལྡན་པ་དང་། རྣམ་པར་སུན་འབྱིན་པའི་སྟོབས་ནི། སྔར་བྱས་ཀྱི་སྡིག་པ་མི་དགེ་བ་ཁོག་ཏུ་དུག་སོང་བ་ལྟར་འགྱོད་པ་དང་འཇིགས་སྐྲག་སྐྱེས་པ་དང་། ཉེས་པ་ལས་སླར་ལྡོག་པའི་སྟོབས་ནི། སྔར་བྱས་ཀྱི་སྡིག་ལས་དྲན་ཏེ་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་པའི་དམ་བཅའ་བརྟན་པ། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྡིག་པ་འདག་པའི་ཆེད་དུ་དགེ་བ་བྱས་ཚད་ཐམས་ཅད་ལ་ཟེར་རོ། །

སྤྱིར་སྡིག་པ་ལ་ཡོན་ཏན་ཞིག་ག་ན་མཆིས་ཀྱང་། བཤགས་པས་འདག་པ་འདི་སྡིག་པའི་ཡོན་ཏན་དུ་བརྩི། རྡོར་སེམས་སྒོམ་བཟླས་གནད་དུ་སོང་ན་སྡིག་པ་ཚབས་པོ་ཆེ་རི་རབ་ཙམ་ཞིག་བསགས་ཀྱང་། དུང་དཀར་གྱི་སྟེང་གི་རྡུལ་ཕྱིས་པ་ལྟར་དག་འགྲོ་བ་ཡིན། དཔེར་ན། རྗེ་མི་ལས་སྐུ་ཚེ་དེར་མི་རྟ་སོ་ལྔ་བསད་ཀྱང་སྡིག་སྒྲིབ་དག་ཏེ་ཟུང་འཇུག་གི་གོ་འཕང་འཐོབ་པ་ལྟ་བུ་ཡིན་ནོ། །

༣ དམིགས་རྣམ་གསལ་འདེབས་ཚུལ། དེ་ཡང་ལག་ཏུ་ལེན་ཚུལ་མདོར་བསྡུས་ཤིག་བརྗོད་ན། རང་གི་སྤྱི་བོར་མདའ་གང་ཙམ་གྱི་སྟེང་དུ་རྡོ་རྗེ་སེམས་དཔའ་དཀར་བོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། གཉིས་ཀའང་ན་བཟའ་དང་རིན་པོ་ཆེས་བརྒྱན་པ། ཡབ་རྡོ་རྗེ་དཀྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ཡིག་དཀར་བོ། མཐར་ཡི་གེ་བརྒྱ་བའི་སྔགས་ཕྲེང་དཀར་བོ་མགོ་ཕྱིར་བསྟན་ནས་བསྐོར་བ། དེ་ལས་འོད་ཟེར་འཕྲོས་ཏེ་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་ལྷས་དབང་བསྐུར་བ་ལྟར་བརྗོད་དེ། ཡབ་ཡུམ་གྱི་སྤྱི་བོ་ནས་བྱང་སེམས་ཀྱི་བདུད་རྩིའི་དབང་བསྐུར་བས། སྐུ་གང་། དྲི་མ་དག བདུད་རྩིའི་ཆུའི་ལྷག་མ་སྤྱི་བོར་ལུད་པ་ལས་མི་བསྐྱོད་པའི་དབུ་བརྒྱན་པར་གྱུར་བར་བསམ། རང་གི་སྙིང་ཀའི་ཟླ་བའི་སྟེང་དུ་རང་ཐ་མལ་བའི་རྣམ་པ་ཅན། དེའི་མདུན་དུ་ཕ་མ། གཡས་སུ་སྤུན་ཟླ། གཡོན་དུ་གྲོགས་མཆེད། རྒྱབ་ཏུ་གཉེན། མཐའ་བསྐོར་དུ་སེམས་ཅན་ཐམས་ཅད་འཁོད་པར་མོས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་། དམ་ཚིག་ཉམས་ཆག་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་བཅས་ལ་མཉེས་པའི་མཆོད་པ་འབུལ། དེ་རྣམས་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་ཐུགས་ཀའི་ཧཱུཾ་ལ་ཐིམ་པའི་གཟི་བརྗིད་དང་མཐུ་སྟོབས་ནུས་པ་ཕུན་སུམ་ཚོགས་པར་བསམ་པ་འདི་དམིགས་པ་མདོར་བསྟན་དང་།

དེ་ནས་རྡོ་རྗེ་སེམས་དཔའི་སྤྱན་སྔར། རང་གི་ཚེ་རབས་ཐོག་མེད་ནས་ད་ལྟའི་བར་དུ་ལུས་ངག་ཡིད་གསུམ་གྱི་སྡིག་པ་མི་དགེ་བ་བཅུ། མཚམས་མེད་ལྔ། སོ་སོ་ཐར་བའི་སྡོམ་པ་དང་འགལ་བ། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ། རྫུན་དང་ཕྲ་མ་བརྒྱབ་པ། ཁྲེལ་དང་ངོ་ཚ་བོར་བ་ལ་སོགས་པའི་མི་དགེ་བ་བསགས་ཚད་སེམས་ཐོག་ལ་དྲན་པར་བྱས་ཏེ། ཤ་ཟིང་སྤུ་ཟིང་གི་དངངས་སྐྲག་དང་བཅས་མཐོལ་ཞིང་བཤགས་སོ། །མི་འཆབ་བོ། མི་སྦེད་དོ། །སླད་ཆད་ཀྱང་གཅོད་ཀྱང་སྡོམ་པར་འགྱུར་ལགས་སོ། །ཞེས་ཡིག་བརྒྱ་བཟླས་པས། ཡིག་འབྲུ་རྣམས་ལས་བདུད་རྩིའི་རྒྱུན་བབས་ཏེ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཐོན། རང་གི་སྤྱི་གཙུག་ནས་ཞུགས་པས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དུད་ཁུ་དང་སོལ་ཁུ། དེས་བསྐྱེད་པའི་ནད་རིམས་ཐམས་ཅད་རྣག་ཁྲག གདོན་བགེགས་ཐམས་ཅད་སྡོམ་སྡིག་སྦལ་ལྕོང་ལ་སོགས་ཀྱི་རྣམ་པར་བདུད་རྩིའི་རྒྱུན་གྱིས་དེད་དེ། རྐང་མཐིལ་འོག་སྒོ་བ་སྤུའི་བུ་ག་རྣམས་ནས་ནག་ཉིལ་ཉིལ་གྱིས་ཕྱིར་ཐོན། རང་གི་འོག་ཏུ་ས་གས་པའི་མར་ཞབས་ན། ལས་ཀྱི་གཤིན་རྗེ་ལ་ལན་ཆགས་བུ་ལོན་ཤ་འཁོན་གཉེར་བ་མང་བོས་བསྐོར་ཏེ། ཁ་ལག་སྤར་གསུམ་བཟེད་ནས་ཡོད་པའི་ནང་དུ་སོང་ཏེ་དེ་དག་ངོམས་ཤིང་ཚིམ། ལན་ཆགས་དག བུ་ལོན་འཇལ། ཤ་འཁོན་བྱང་། སྡིག་སྒྲིབ་ཟད་དེ་གནོད་འཚེ་བསམ་སྦྱོར་ངན་པ་ཞི་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཏེ། དེ་རྣམས་ཀྱི་ཁ་ལག་སྤར་གསུམ་ཟུམ། ས་གས་པ་ཡང་སུབ། རང་ལུས་ཤེལ་བུམ་དུ་མར་མེ་སྦར་བ་ལྟར་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་དུ་གྱུར་བའི་མོས་པ་བྱེད་པ་གོང་ནས་མར་དེད་པས་ཡས་དེད་དང་། ཡང་སྔར་ལྟར་བདུད་རྩི་རྐང་མཐིལ་ནས་སྤྱི་གཙུག་བར་དུ་སྣོད་ཆུས་བཀང་སྟེ་ཕྱིར་འཕོ་བ་ལྟར་མིག་གཉིས་དང་། ཁ་སྣའི་བུ་ག་དང་བ་སྤུ་སོགས་ཀྱི་སྒོ་ནས་ནག་ནར་ནར་ཐོན་ཏེ་ལྷག་མེད་དུ་དག་པར་བསམ་པ། མས་ནས་ཡར་དེད་པས་མས་དེད་ཟེར་བ་དང་། ཡང་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཐམས་ཅད་ཐལ་བའི་ཕུང་བོ་ལྟར་སྙིང་ཀར་ནག་སྤུངས་སེ་ཡོད་པ་ལ། སྔར་ལྟར་བདུད་རྩིའི་རྒྱུན་བབས་པས། ལུས་ཀྱི་སྟེང་འོག་བར་གསུམ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཐོན་ཏེ། སྡིག་སྒྲིབ་བག་ཆགས་དང་བཅས་པ་འབབ་ཆུའི་གད་པ་ཆད་པ་ལྟར་ཐོན་ནས། ལུས་ཤེལ་གོང་གཡའ་དག་པ་ལྟར་བསམ་པ་ལ་ཕུང་དེད་ཀྱི་དམིགས་པ་ཞེས་བྱའོ། །དེ་བཞིན་མཐའ་བསྐོར་གྱི་སེམས་ཅན་རྣམས་ཀྱི་སྤྱི་བོར་ཡང་འོད་ཟེར་གྱི་སྣེ་ལ་རྡོར་སེམས་ཡབ་ཡུམ་ཟུང་རེ་སྤྲོས་པའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་པས་སྡིག་སྒྲིབ་སྦྱངས་ཚུལ་སྔར་ལྟར་རོ། །དེ་ནས། བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་པ་ནས། འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་པའི་བར་དལ་བུས་བཏོན་ཏེ་གསོལ་བ་རྩེ་གཅིག་ཏུ་བཏབ་པས། བླ་མ་དང་དབྱེར་མེད་པའི་རྡོར་སེམས་ཡབ་ཡུམ་ཐུགས་ཤིན་ཏུ་དགྱེས་ཏེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་གོ ། ཞེས་གསུངས་ནས་འོད་དུ་ཞུ་སྟེ་རང་ལ་ཐིམ་པས། རང་གི་སྒོ་གསུམ་དང་རྡོ་རྗེའི་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར་པར་བསམ་དགོས་སོ། །མཐར་བསྔོ་སྨོན་གྱིས་རྒྱས་འདེབས་པར་བྱའོ། །

༤ རྡོར་སེམས་སྒོམ་བཟླས་ཀྱི་ཕན་ཡོན། ཇོ་བོ་ཆེན་པོས། སྔགས་ལ་ལྟུང་བ་འབྱུང་བའི་སྒོ་བསམ་གྱིས་མི་ཁྱབ་སྟེ། བུམ་པ་ལྟ་བུ་ཞིག་ལའང་དངོས་བོར་ཐ་མལ་བར་བལྟས་ན་ལྟུང་བར་འགྱུར་བ་ས་ཕྱོགས་རྡུལ་ཆེ་བ་ཞིག་ཏུ་མཎྚལ་ཞིག་ཕྱིས་ཏེ་བཞག་ན། དེ་མ་ཐག་རྡུལ་ཆགས་ནས་འོང་བ་དང་འདྲ་གསུངས། འོ་ན་དེ་ལ་བརྟེན་ནས་སངས་རྒྱས་མྱུར་དུ་འགྲུབ་དཀའ་འམ་ཞུས་པས། ལྟུང་བ་སྦྱངས་པའི་ཐབས་བྱ་བརྒྱ་འུར་རྡོ་གཅིག་གིས་འདེད་པ་ལྟ་བུའི་གདམས་པ་ཟབ་མོ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ་བ་སྔགས་ལ་ཡོད། གསུངས་པ་ལྟར་དང་། དཔེར་ན། རིན་པོ་ཆེའི་ཉེར་སྤྱད་ཆག་ཀྱང་མགར་བ་མཁས་པ་ལ་བརྟེན་ནས་བཅོས་སུ་ཡོད་པ་ལྟ་བུ་ཡིན། དེ་བས་ཉིན་རེ་བཞིན་རྡོ་རྗེ་སེམས་དཔའ་བསྒོམས་ཏེ་ཡི་གེ་བརྒྱ་བ་ཉེར་གཅིག་བཟླས་ན། ལྟུང་བ་བྱིན་གྱིས་བརླབས་པ་ཞེས་བྱ་སྟེ། ལྟུང་བའི་འཕེལ་ཁ་ཆོད་པ་དང་། འབུམ་ཕྲག་གཅིག་བཟླས་ན་མཚམས་མེད་ཀྱི་ལས་ཀྱང་འདག་པར་གསུངས་པས་ན། རྡོར་སེམས་སྒོམ་བཟླས་ལ་བརྩོན་དགོས། གཞན་ཡང་། གསང་སྔགས་ཀྱི་ལྷ་སོགས་སྒྲུབ་པ་ལའང་འདི་ལས་ལྷག་པ་མེད་དེ། ཀུན་མཁྱེན་འཇམ་དབྱངས་བཞད་པས། དངོས་གྲུབ་བརྟན་པ་དང་ལྷའི་དངོས་གྲུབ་ཉེ་བ་དང་། ལྷ་རང་ལ་ཉེ་བར་འདོད་པས་ཡི་གེ་བརྒྱ་བ་མན་ངག་ལྟར་འབད་པར་བྱ་བ་གནད་དུ་ཆེའོ་གསུངས་པ་དང་།

སྔོན་བློ་གསལ་གླིང་གི་དགེ་བཤེས་དོམ་འབྲུག་ཅེས་གྲགས་སྐད་ཅན་གཉིས་ཡོད་པའི་ནང་ཚན། འབྲུག་སྟག་ངག་དབང་དཔལ་བཟང་གིས་སྔགས་ཀྱི་རྩ་ལྟུང་བྱུང་ན་མནར་མེད་དུ་འཕེན་པས། དེའི་ཚེ་ཚད་རྫོགས་པའི་བར་དུ་ཕར་ཕྱིན་ཐེག་པའི་དབང་རྣོན་འཚང་རྒྱ་གསུངས་པ་ལ། ཀུན་མཁྱེན་འཇམ་དབྱངས་བཞད་པས། དེ་གཡག་ཞར་གྱིས་རྩྭ་ཟོས་པ་དང་འདྲ། རྡོར་སེམས་ཡུམ་བཅས་ཀྱི་སྒོས་ཡིག་བརྒྱ་འབུམ་གྱིས་རྩ་ལྟུང་འདག་པ་ལྟ་བུའི་ཐབས་མཁས་ཀྱི་ཆེ་བ་མ་ཤེས་པས་ལན། གསུངས་པ་ལྟ་བུ་དང་། ཚུལ་འདི་ལ་དགོངས་ནས། མཁས་པའི་སྡིག་པ་ལྕི་ཡང་ཡང་། །བླུན་པོའི་སྡིག་པ་ཡང་ཡང་ལྕི། །ཞེས་པའང་བཤགས་པ་བྱ་ཚུལ་ལ་མཁས་མི་མཁས་ལས་བྱུང་བ་ཡིན། བཤགས་སྡོམ་ལ་བརྟེན་ནས་སྡིག་པ་དག་ཟིན་པ་ཡང་། བཤེས་སྤྲིངས་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་བ་ལ། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་པ་ལྟར། སྟོན་པའི་གཅུང་དགའ་བོ་བྱ་བ་འདོད་ཆགས་ཆེ་བས་རང་གི་ཆུང་མ་དང་སྐད་ཅིག་ཙམ་ཡང་འབྲལ་མི་ཕོད་པ་དང་། སོར་མོའི་ཕྲེང་བ་བྱ་བ་སློབ་དཔོན་ངན་པས་བསླུས་ནས། ཞག་བདུན་གྱི་ནང་མི་དགུ་བརྒྱ་གོ་དགུ་བསད་པ་དང་། མཐོང་ལྡན་ཏེ་རྒྱལ་བོ་མ་སྐྱེས་དགྲས་རང་གི་ཕ་གཟུགས་ཅན་སྙིང་བོ་བཙོན་ཏུ་བཅུག་སྟེ་ལྟོ་བཀག་ནས་གྲོངས་པ་དང་། ཁྱེའུ་བདེ་བྱེད་ནམ་རྒྱུན་གཞན་གྱི་བུད་མེད་ལ་ལོག་གཡེམ་བྱེད་དུ་འགྲོ་བ་ཨ་མས་ཤེས་ཏེ་བཀག་པས། ཨ་མ་ལ་གྲིས་བསྣུན་ཏེ་བསད་པ་སོགས་སྡིག་པ་ཚབས་པོ་ཆེ་དེ་འདྲ་བསགས་ནའང་། ཕྱིས་སུ་སངས་རྒྱས་དང་མཇལ་ནས་སྡིག་སྦྱངས་བྱས་པས། སྔ་མ་གཉིས་དམྱལ་བར་མ་སྐྱེས་པ་དང་། ཕྱི་མ་གཉིས་ཡུད་ཙམ་སྐྱེས་ཀྱང་མྱུར་དུ་ཐར་བ་བཞིན་ནོ། །

གཞན་ཡང་། བཤགས་བྱ་ལ་ལྟུང་བ་དང་སྡིག་པ་གཉིས་ལས། ལྟུང་བས་ལས་ལ་བསྒྲིབས། སྡིག་པས་རྣམ་སྨིན་མྱོང་བས། ལྟུང་བ་ཕྱིར་བཅོས་དང་། སྡིག་པ་སྟོབས་བཞིས་སྦྱངས་དགོས། ལྟུང་བ་ཕྱིར་བཅོས་ཚུལ་ཡང་། བྱང་ཆུབ་ལམ་རིམ་གྱི་སྐབས་འདིར་སྟོབས་བཞི་ཚང་བའི་སྒོ་ནས་ཉན་རང་རྣམས་ལ་གཙོ་བོར་དམིགས་ནས་སོ་ཐར་གྱི་བཤགས་པ་དང་། སངས་རྒྱས་བྱང་སེམས་ལ་གཙོ་བོར་དམིགས་ནས་བྱང་སེམས་ཀྱི་བཤགས་པ་དང་། ཆོས་སྲུང་སོགས་ལ་དམིགས་ནས་སྔགས་ཀྱི་བཤགས་པ་བྱོས་ལ། མཐོང་སྡོམ་དྲིས་ལན་དངོས་སུ་རང་གིས་བརྗོད་ཅིང་། ཡིད་ཀྱིས་མདོ་ཕྱོགས་ཀྱི་དྲི་བ་ཐུབ་དབང་དང་། སྔགས་ཕྱོགས་ཀྱི་དྲི་བ་རྡོ་རྗེ་འཆང་དང་བླ་མ་དབྱེར་མེད་པས་མཛད་པར་བསམས་ལ། མཐོང་ལགས། ཞེས་སོགས་ཀྱི་ལན་བྱའོ། །

གཞན་ཡང་རྡོ་རྗེ་སེམས་དཔའི་སྒོ་ནས་ནད་སྦྱོང་བ་དང་། ཤེས་རབ་སྤེལ་བ། ཚེ་སྒྲུབ་སོགས་སྙན་བརྒྱུད་ཀྱི་མན་ངག་ཇི་སྙེད་ཅིག་ཀྱང་ཡོད་དོ། །

༥ ཕུང་བོ་གསུམ་པའི་སྡིག་བཤགས་བྱེ་བྲག་ཏུ་བཤད་པ། རྗེ་བདག་ཉིད་ཆེན་པོས་ཕུང་བོ་གསུམ་པའི་མདོ་ཕྱག་དང་སྦྲགས་ཏེ་བཤགས་སྡོམ་མཛད་པའི་རྣམ་ཐར་དྲི་མ་མེད་པ་མཆིས་པ་བཞིན། རང་ཅག་གིས་ཀྱང་དེ་ལྟར་མཛད་ན་རྟེན་འབྲེལ་གྱི་གནད་ཆེ་བ་ཡིན། ཕུང་བོ་གསུམ་པའི་མདོ་ལ་སྟོབས་བཞིས་བཤགས་སྡོམ་གྱི་གནད་དྲིལ་བ་ཡིན། རྣམ་པར་སུན་འབྱིན་པའི་སྟོབས་ཀྱིས་སྡིག་པའི་འཕེལ་འཕྲོ་གཅོད། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཀྱིས་སྡིག་པ་ཉམས་དམའ་བར་བྱེད། ཉེས་པ་ལས་སླར་ལྡོག་པའི་སྟོབས་ཀྱིས་སྡིག་པ་རྩ་བ་ནས་འདོན་པར་བྱེད། རྟེན་གྱི་སྟོབས་ཀྱིས་སྡིག་འབྲས་སྡུག་བསྔལ་ལས་སྐྱོབ་པར་བྱེད་དོ། །འོ་ན། ཕུང་བོ་གསུམ་པའི་མདོའི་ནང་སྟོབས་བཞི་ཅི་ལྟར་ཚང་ཞེ་ན། བླ་མ་ལ་སྐྱབས་སུ་མཆིའོ་ནས་དགེ་འདུན་ལ་སྐྱབས་སུ་མཆི་ཞེས་པའི་བར་རྟེན་གྱི་སྟོབས། བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ་ནས་རིན་པོ་ཆེ་དང་རི་དབང་གི་རྒྱལ་བོ་ལ་ཕྱག་འཚལ་ལོ་ཞེས་པའི་བར་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། དེ་དག་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་མི་འཆབ་བོ། །མི་སྦེད་དོ། །ཞེས་པའི་བར་རྣམ་པར་སུན་འབྱིན་པའི་སྟོབས། སླད་ཆད་ཀྱང་སྡོམ་པར་མི་འགྱུར་བ་ལགས་སོ། །ཞེས་པའི་བར་ཉེས་པ་ལས་སླར་ལྡོག་པའི་སྟོབས་ཚང་ངོ་། །

ཕན་ཡོན་ནི། བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པའི་ཕན་ཡོན་ལས། སངས་རྒྱས་གཅིག་གི་མཚན་བརྗོད་ན་ཡོན་ཏན་དཔག་ཏུ་མེད་པར་འགྱུར་རོ། །སངས་རྒྱས་སོ་ལྔའི་མཚན་ནས་ལན་གཅིག་བརྗོད་ན། སེམས་ཅན་གང་ཞིག་གི་རྣ་ལམ་དུ་གྲག་པ་དེ་ངན་སོང་དུ་མི་སྐྱེ་ཞིང་དེའི་ཡོན་ཏན་ནི་རྒྱལ་བ་རྣམས་ཀྱིས་བགྲང་བར་མི་ནུས་སོ། །ཞེས་དང་། འདུལ་བ་ལུང་ལས་ཀྱང་། བཀའ་ཡི་ཚེ་དང་ལྡན་པ་རྣམས་ཉོན་ཅིག མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ། སེམས་ཅན་ཉོན་མོངས་པའི་སྒྲིབ་པ་ཅན་རྣམས་ལ་ཕན་བཏགས་པའི་ཕྱིར། འཕགས་པ་ཕུང་བོ་གསུམ་པའི་མདོ་འདིས་དཀོར་གྱི་ཕུང་བོ་རི་རབ་ཙམ་ཡང་བྱང་སྟེ་སེམས་ཅན་འཆི་ཁ་རྣ་ལམ་དུ་བསྒྲགས་པར་འགྱུར་ན། ངན་སོང་དུ་མའི་སྐྱེ་སྒོ་གཅོད་པར་འགྱུར་རོ། །གསུངས་པ་ལྟར། དཔེར་ན། བྱ་བརྒྱ་འུར་རྡོ་གཅིག་གིས་འདེད་པ་ལྟ་བུའོ། །ཚུལ་འདི་ལ་དགོངས་ནས་ཡབ་རྗེ་སྐལ་ལྡན་རྒྱ་མཚོས། སྟོབས་རྣམ་བཞིས་སྡིག་ལྟུང་སྦྱོང་བྱེད་པའི། །མི་དེ་ལ་མཐོ་རིས་ཅི་བདེར་ཡོད། །ཅེས་དང་། ལས་དགེ་སྡིག་མི་བསླུ་ཕྱི་བཞིན་འབྲང་། །སྡིག་ཉེས་ལྟུང་སྟོབས་བཞིས་སྦྱངས་ན་ལེགས། །གསུངས་སོ། །

དེ་ལྟར་ཉམས་ལེན་གནད་དུ་སོང་ན་སྡིག་ལྟུང་དག་པ་ལ་རྨི་ལྟས་ཇི་ལྟར་བྱུང་ཅེ་ན། རྨི་ལམ་དུ་ཟས་ངན་སྐྱུགས་པ་དང་། ཞོ་དང་འོ་མ་ལ་སོགས་འཐུང་བ་དང་། ཉི་མ་དང་ཟླ་བ་མཐོང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། མེ་འབར་བ་དང་། མ་ཧེ་དང་མི་ནག་པོ་ཐུབ་པ་དང་། དགེ་སློང་དང་དགེ་སློང་མའི་དགེ་འདུན་མཐོང་བ་དང་། འོ་མ་འབྱུང་བའི་ཤིང་དང་། གླང་བོ་ཆེ་དང་། ཁྱུ་མཆོག་དང་། རི་དང་། སེང་གེའི་ཁྲི་དང་། ཁང་བ་བཟང་བོའི་སྟེང་དུ་འཛེགས་པ་དང་། ཆོས་ཉན་པ་སོགས་རྨིས་ན་སྡིག་པ་དག་པའི་རྟགས་སུ་བསྐུལ་བྱེད་ཀྱི་གཟུངས་ལས་གསུངས་པ་དང་། ར་ག་ཨ་སེའི་གྲུབ་རྟགས་ཚོད་འཛིན་ལས། ཁྲུས་བྱེད་གོས་དཀར་གྱོན་དང་གངས་རིར་འཛེགས། །ནམ་ལངས་ཤེལ་རྙིང་མཆོད་རྟེན་བསྐོར་བ་བྱེད། །དེ་དག་སྒྲིབ་པ་དག་པའི་རྟགས་སུ་གསུངས། །ཞེས་ཀྱང་གསུངས་སོ། །