མི་གཡོ་མགོན་པོའི་སྒྲུབ་ཐབས།


TNT15_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྣམ་པར་འདྲེན་པ་ཐམས་ཅད་ཀྱིས། །བཀའ་བཞིན་སྒྲུབ་པ་མི་གཡོ་མགོན། ཁྲོ་བོའི་དབང་པོར་རབ་བཏུད་ནས། །དེ་ཡི་སྒྲུབ་ཐབས་མདོ་ཙམ་བཤད། །སེམས་བསྐྱེད་སྔོན་དུ་འགྲོ་བས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས། སྭ་བྷཱ་ཝས་སྔགས་བརྗོད། རང་གི་སྙིང་གར་ཧཱུཾ་དེ་ལས་འོད་འཕྲོས། ལུས་ཐམས་ཅད་གང་འོད་ཀྱི་གོང་བུར་གྱུར། དེ་ལས་རང་ཉིད་ཁྲོ་རྒྱལ་མི་གཡོ་བ་སྐུ་མདོག་དམར་པོ་ཕྱག་དང་པོ་གཉིས་རལ་གྲི་དང་ཞགས་པ། བར་པ་གཉིས་ལྕགས་ཀྱུ་དང་ཐོད་པ། ཐ་མ་གཉིས་དབྱུག་པ་དང་སྡིགས་མཛུབ། ཞབས་མདུན་མ་གཉིས་གཡས་བསྐུམ་གཡོན་བརྐྱང་བས་བདུད་དང་དགའ་མ་མནན་པ། རྒྱབ་མ་གཉིས་གར་སྟབས་ཀྱིས་ཚངས་པ། ཁྱབ་འཇུགདབང་ཕྱུག་རྣམས་མནན་པ། ཡུམ་གཏུམ་མོ་དགའ་བྱེད་མ། ཌཱ་མ་རུ་དང་མེ་ཏོག་གི་འཕྲེང་བ་འཛིན་པས་འཁྱུད་པ། ཐགས་བཟང་རིས་དང༌། ཀླུ་ཞབས་འོག་ཏུ་མནན་པ། ཡབ་ཡུམ་གཉིས་ཀར་ཁྲོ་བོ་དང་ཁྲོ་མོའི་ཆ་ལུགས་ཡོངས་སུ་རྫོགས་པའོ། །རང་གི་སྤྱི་བོར་རྣམ་སྣང༌། མགྲིན་པར་འོད་དཔག་མེད། སྙིང་གར་མི་བསྐྱོད་པ། ལྟེ་བར་རིན་ཆེན་ཏོགགསང་བར་དོན་གྲུབ། དེ་རྣམས་ལས་མི་གཡོ་བ་རིགས་ལྔ་དཔག་ཏུ་མེད་པ་སྤྲོས་ཏེ། དགྲ་བགེགས་


TNT15_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཚར་བཅད། ཡུམ་གྱི་སྤྱི་བོར་སྤྱན་མ། མགྲིན་པར་གོས་དཀར་མོ། སྙིང་གར་མཱ་མ་ཀཱི ལྟེ་བ་རིན་ཆེན་གློག་མ། གསང་བར་སྒྲོལ་མ། དེ་རྣམས་ལས་གཏུམ་མོ་དགའ་བྱེད་མ་རིགས་ལྔ་དཔག་ཏུ་མེད་པ་སྤྲོས་ཏེ། སྐྱེ་འགྲོ་ཐམས་ཅད་དབང་དུ་བསྡུས་པར་བསམས་ལ། ཨོཾ་ཀ་ནི་དྷུ་ནི་ཧཱུཾ་ཕཊ། ཞེས་པ་ཉིད་གཙོ་བོར་བཟླ་ཞིང༌། ཨོཾ་ཨ་མོ་གྷ་ཙཎྜ་མཧཱ་རོ་ཥ་ཎ་ཡ་ཕཊ་ཡ་ཧཱུཾ་ཏྲ་ས་ཡ་ཧཱུཾ། ཏྲ་ཊ་རཾ་མཾ་ཞེས་ཡབ་དང༌། ཨོཾ་བཛྲ་ཙཎྜི་ཧ་ཧ་མ་ར་མ་ར། ཨ་ཀཱརྵ་ཨ་ཀཱརྵ་ཡ་ཧཱུཾ་ཕཊ། ཅེས་ཡུམ་གྱི་འཕྲེང་སྔགས་ཀྱང་ཅི་རིགས་པར་བཟླའོ། །མཇུག་ཏུ་དགེ་བ་བསྔོ། གཏོར་མ་འབྲུ་གསུམ་ལན་བདུན་གྱིས་བྱིན་གྱིས་བརླབས། ཡབ་ཀྱི་རྩ་སྔགས་ཀྱིས་སྤྱན་དྲངས་ཏེ། ཨ་ཀཱ་རོའི་སྔགས་ཀྱིས་འབུལ། འདིའི་བྱིན་རླབས་ནི། ཕྱག་རྡོར་ལྷན་སྐྱེས་ཀྱི་སྐབས་དང་ཕལ་ཆེར་འདྲ་བ་ལས། ཆོས་འབྱུང་དམར་པོར་བྲིས། རྡོ་རྗེའི་ཚབ་ཏུ་རལ་གྲི་བཞགལྷ་བསྒོམས་སྔགས་བཟླས་ཀྱི་ལུང་གི་སྐབས་མངོན་རྟོགས་བཞིན་དུ་ལྷའི་རྣལ་འབྱོར་ཕོག་ལ་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན། ཤེར་དབང་གི་སྐབས་རལ་གྲི་སྙིང་གར་བཞགབསྟོད་པའི་སྐབས་མི་གཡོ་བའི་བསྟོད་པ་གང་རུང་ཞིག་གིས་བསྟོད། འདིའི་བསྟོད་པ་ལོགས་སུ་ཡོད་པས་ཤེས་ན་དེ་ཡང་འདོན། ལྷག་མ་འདོན་པ་སྤོས་པས་འགྲུབ་བོ། །ངོ་མཚར་དངོས་གྲུབ་སྣང་བརྙན་ཅན། །ས་ཀུན༵་སྐྱོང་བས་བསྒྲུབས་པ་ན། །ཕུན་ཚོགས་དཔལ་ལ་དག༵འ་མགུར་སྤྱད། །དབང་


TNT15_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ལྷ་ཡི་སྙིང༵་པོ༵་ལགས། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་མི་གཡོ་བ་དམར་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། །